ཟླ4པའི་ཚེས17ཉིན་གྱི་དུས་ཚོད18སྟེང་། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཁར་ཤར་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་པ་དང་། མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྐོར་གཉིས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། མཁར་ཁུལ་གཙོ་བོ་རུ་མུ་མཐུད་དུ་འཇགས་རྣམ་དོ་དམ་ལག་བསྟར་བྱེད་པའི་འབྲེལ་ཡོད་དྲི་བར་ལན་བཏབ།
2022ལོའི་ཟླ4པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་གྱིས་སོ་སོར་མཁར་ཤར་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་པ་སྤེལ་བ་དང་། མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་ནས་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་གཉིས་པ་སྤེལ། ཟླ4པའི་ཚེས17ཉིན་གྱི་དུས་ཚོད16བར་དུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་བཞི་པ་དང་། མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་སྐོར་ཐེངས་གཉིས་པའི་ཁྲོད། བསྡོམས་པས་མི་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་སྟོང་དགུ་ལྔ་བརྒྱ་དང་ཞེ་གཅིག་གི་ཉིང་སྐྱུར་མ་དཔེར་བརྟག་དཔྱད་བྱས་ཏེ། མཁར་ཤར་ཁུལ་གྱི་གྲལ་བཤེར་མི་ཚོགས་ཁྲོད་གདགས་གཤིས་ཅན10རྙེད་པ་དང་། མཁར་ཤར་ཁུལ་གྱི་གཅིག་བསྡུས་འགོག་སྡོམ་མི་སྣའི་ཁྲོད་གདགས་གཤིས་ཅན5རྙེད་ལ། མ་དཔེ་གཞན་དག་སྲིབ་གཤིས་རེད། ཟླ4པའི་ཚེས3ཉིན་གྱི་ཚུན་ལ། གྲོང་ཁྱེར་ཡོངས་སུ་བསྡོམས་པས་ནད་ངོས་བཟུང་བའི་ནད་པ22དང་། ནད་རྟགས་མེད་པའི་ནད་པ43བྱུང་ལ། ནད་ངོས་མ་བཟུང་ཡང་ཉིང་སྐྱུར་མཇུག་འབྲས་གདགས་གཤིས་ཡིན་པའི་མི15བྱུང་། ནད་ངོས་བཟུང་བའི་ནད་པ4སྨན་ཁང་ལས་བུད་པ་དང་། ནད་རྟགས་མེད་པའི་ནད་པ3ལ་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག་ཡོད་ལ། མི་གཞན་དག་གི་གནས་ཚུལ་ཅུང་བཟང་།
དུས་རིམ་རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་ད་ཡོད་ནད་པ་རྣམས་ལ་སྨན་བཅོས་མྱུར་སྐྱོབ་དང་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱ་བ་དམ་འཛིན་བྱེད་པ་དང་མཉམ་དུ། ནང་ཁུལ་གྱི་ཉེན་ཁ་གྲལ་བཤེར་དང་ཕྱི་ནས་ནང་དུ་མཆེད་པ་འགོག་པའི་བྱ་བར་མུ་མཐུད་ཤུགས་སྣོན་རྒྱུ་རེད། གཅིག་ནས་མུ་མཐུད་དུ་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བཟང་པོར་བསྒྲུབ་རྒྱུ་ཡིན་པ་དང་། གཉིས་ནས་སྟོབས་ཤུགས་ཡོད་རྒུས་སྨན་བཅོས་མྱུར་སྐྱོབ་བྱ་བ་བཟང་པོར་བསྒྲུབ་རྒྱུ་རེད།
ཟི་ལིང་གྲོང་ཁྱེར་གྱིས་ཟླ4པའི་ཚེས13ཉིན་ནས་མཁར་ཤར་ཁུལ་དུ་འཇགས་རྣམ་དོ་དམ་བྱས་པ་དང་། ཟླ4པའི་ཚེས14ཉིན་ནས་བཟུང་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ལ་འཇགས་རྣམ་དོ་དམ་བྱས་རྗེས། ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་འགོས་མཆེད་ཀྱི་རྣམ་པར་ཕན་ནུས་ལྡན་པའི་སྒོ་ནས་ཚོད་འཛིན་བྱས་པས། དོན་དངོས་ལས་འཇགས་རྣམ་དོ་དམ་ལག་བསྟར་བྱས་པའི་ཇུས་གཞི་ནི་ཡང་དག་པ་དང་བྱེད་ཐབས་ནི་ནུས་པ་ལྡན་པ་ར་སྤྲོད་བྱུང་ཡོད། ཡིན་ནའང་རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཚབས་ཆེ་བ་དང་། རིམས་ནད་འགོས་མཆེད་ཀྱི་ཉེན་ཁ་སྔར་བཞིན་ཅུང་ཆེ་བས། འཇགས་རྣམ་དོ་དམ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། རིམས་ནད་འགོག་སྡོམ་གྱི་འགན་འཁྲི་སྔར་ལས་ནན་དཀྲི་བྱེད་པ་དང་། རིམས་ནད་བསྣོལ་མར་འགོས་པའི་ཉེན་ཁ་སྔར་ལས་ཇེ་ཆུང་དུ་གཏོང་ཆེད། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ཚེས18ཉིན་གྱི་དུས་ཚོད་ཐིག་ནས་ཚེས22ཉིན་གྱི་དུས་ཚོད24བར་དུ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་རུ་མུ་མཐུད་དུ་དུས་ཡུན་ཉིན་ལྔའི་འཇགས་རྣམ་དོ་དམ་བྱ་རྒྱུའི་བརྡ་བཏང་ཡོད།