སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་བདུན་པའི་དག་ཐེར་གནས་ཚུལ་ཚང་མ་ཁྱབ་སྒྲོག་བྱས།
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ཧྲན་ཏུང་སློབ་ཆེན་དང་ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ལན་ཀྲིག་སློབ་ཆེན་སོགས་ལས་ཁུངས་བཅུ་གཅིག་གིས་སྤྱི་ཚོགས་ཡོངས་ལ་སྐོར་ཞིབ་དག་ཐེར་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས། མིག་སྔའི་བར་དུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་བདུན་པའི་ལས་ཁུངས་སོ་གཅིག་གི་ཏང་རྩ་འཛུགས་ལ་དག་ཐེར་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས་ཚར།

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པ་ནས་ཟླ་བདུན་པའི་བར་དུ། ཀྲུང་དབྱང་སྐོར་ཞིབ་ཐེངས་བདུན་པས་སློབ་གསོ་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་སོ་གཅིག་གི་ཏང་རྩ་འཛུགས་ལ་རྒྱུན་གཏན་སྐོར་ཞིབ་ལས་སྒོ་སྤེལ་བར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་པའི་ནང་སྐོར་ཞིབ་གནས་ཚུལ་སྐོར་ནས་ལན་སྤྲད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་དུ།  ལས་ཁུངས་སོ་གཉིས་ཀྱི་ཏང་རྩ་འཛུགས་ལ་སྐོར་ཞིབ་དག་ཐེར་བྱས་པའི་གནས་ཚུལ་ཚང་མ་ཁག་བགོས་ཀྱི་སྒོ་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་ནས་གཅིག་གྱུར་ངང་ཁྱབ་སྒྲོག་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས།

ཁྱབ་སྒྲོག་བྱས་པའི་་གནས་ཚུལ་ལ་བལྟས་ན། སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་བ། ཁྱོན་ཡོངས་གཉིས་ཀྱི་མཐོ་ཚད་ནས་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་ལ་བཅངས་པ། དུས་རབས་གསར་པའི་མཐོ་རིམ་སློབ་ཆེན་གྱི་འགན་འཁྲི་དང་ལས་འགན་ལ་བསམ་གཞིགས་གཏིང་ཟབ་བཏང་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་རྐང་ཚུགས་པར་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་དང་སིམ་འདྲེས་ཡོང་བར་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་ནས། རང་འགུལ་ངང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་གལ་ཆེན་གྱི་སྲོག་ཤིང་ནུས་པ་ཆེ་རུ་བཏང་། སྐོར་ཞིབ་ཀྱིས་ཚུར་ལན་བྱིན་པའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ཤུགས་ཅུང་ཞན་པ་དང་། སློབ་གྲྭའི་དར་སྲོལ་དང་སློབ་སྲོལ་ལེགས་སྐྱོང་བྱེད་ཤུགས་ཆུང་བ། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཀྱང་དུས་ལྟར་དམིགས་ཡུལ་ཡོད་པའི་སྒོ་ནས་དག་ཐེར་ཡོ་བསྲང་བྱས།

སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡིས་བསྟན་དོན། སྐོར་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་ཡོ་བསྲང་མུ་མཐུད་ལེགས་པོ་བྱ་རྒྱུ་དེ་སློབ་གྲྭའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་སྡུད་སྒོས་དག་ཐེར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། དུས་ཡུན་རིང་པོའི་དག་ཐེར་གྱི་ལས་འགན་གཏིང་ཟབ་ཏུ་གཏོང་བ། དུས་སྐབས་གསར་པའི་ནང་གི་སློབ་གྲྭའི་ལས་འགན་གསར་པ་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། ནང་སྙིང་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་སློབ་ཆེན་རྩེ་གྲས་འཛུགས་སྐྲུན་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།