རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོར་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་སྐོར་ཞིབ་ལས་དོན་སྤེལ།
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བཞི་པའི་ཟླ་དཀྱིལ་ནས་ཟླ་དྲུག་པའི་ཟླ་མཇུག་བར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་བཅུ་དྲུག་རྩ་འཛུགས་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོའི་གནས་ཚུལ་ལ་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཧྲིལ་བོའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་ལས་དོན་ལ་དཔྱད་ཞིབ་སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དཔྱད་ཞིབ་བྱེད་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོའི་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཁག་བཅོ་ལྔ་དོན་འཁྱོལ་བྱས་པའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་པར་མ་ཟད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཉེན་ཁ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གཙང་བཤེར་དང་བཅོས་སྐྱོང་བྱེད་པ། ཞན་ཆ་འཚོལ་བ་དང་དུས་ལྟར་གསབ་པ། ཁྲིམས་འགལ་སྒྲིག་འགལ་གྱི་སྦྱོར་བ་ཚབས་ཆེན་ལ་རྡུང་རྡེག་ནན་མོ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་དེར་ཤུགས་སྣོན་པ་བཅས་བྱས་ཏེ། ཉེ་དུས་དོན་རྐྱེན་བྱུང་མང་པའི་རྣམ་པར་མཐའ་གཅིག་ཏུ་གཏན་འགོག་བྱེད་རྒྱུ་རེད།

དེ་དང་ཆབས་ཅིག བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་སྐོར་ཞིབ་ལས་དོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་པར་འགྲེམས་བྱས་པའི་ལོ་ཧྲིལ་བོའི་དཔྱད་ཞིབ་གཙོ་བོར་དམིགས་ཏེ། བྱེད་ཐབས་སྣ་ཚོགས་བཏོན་པ་བརྒྱུད་དེ། གནད་དོན་མངོན་གསལ་ཅན་གནས་པའི་རིགས་ལ་ཞིབ་བཤེར་དང་རྩད་ཆོད་མཐའ་གསལ་བྱས་ནས། ས་གནས་དང་སྡེ་ཁག་སོ་སོའི་ལོ་ཧྲིལ་བོའི་བདེ་འཇགས་ཐོན་སྐྱེད་ལས་དོན་སྤེལ་ཚུལ་ལ་གདེང་འཇོག་ཡང་དག་བྱེད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།