དབྱིན་པད་ཀྱིས་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་རེས་ཉེན་རྟོག་པར་འཚམས་འདྲི་བྱས།
2022.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཡུལ་དངོས་སུ་ལས་རེས་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ། འགུལ་རྣམ་གཙང་སེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བློ་དཀར་བའི་ངང་འགན་སྒྲུབ་ཁག་ཁུར་བྱེད་པ། སྟོབས་ཤུགས་ཡོད་རྒུས་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས་ཏེ། རིམས་ནད་འགོག་སྡོམ་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་ཐད་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥིན་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧོང་ཡ་གཉིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

དབྱིན་པད་སོགས་སྔ་གཞུག་ཏུ་མཁར་ནུབ་ཁུལ་ཐུང་ཧའེ་ལམ་གཞུང་ལམ་འགྲིམ་འགྲུལ་ཞིབ་བཤེར་བྱེད་ས་དང་མཁར་དཀྱིལ་ཁུལ་ལྟེ་གནས་ཐང་ཆེན་བདེ་སྐྱོང་སྐོར་ཞིབ་ས་ཚིགས། མཁར་ཤར་ཁུལ་ཧོང་ཀོང་ཧྲི་ཙི་བདེ་སྐྱོང་ས་ཚིགས་བཅས་ལ་སོང་ནས། ལས་རེས་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། ཡུལ་དངོས་ནས་རིམས་ནད་འགོག་སྡོམ་རོགས་བཤེར་དང་ལས་སྲུང་སྐོར་ཞིབ་དོ་དམ་ཚོད་འཛིན། སྤྱི་བདེ་ཉེན་རྟོག་པའི་མི་སྒེར་གྱི་འགོག་སྲུང་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། རིམས་ནད་བྱུང་རྗེས། རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པས་བཀའ་རྒྱ་ལྟར་དཀའ་ངལ་ལ་མ་འཛེམ་པར་རིམས་ནད་འགོག་སྡོམ་ཡུལ་དངོས་སུ་སོང་ནས། རྒྱུན་མཐུད་ལས་བརྩོན་དང་སྒེར་མེད་བློས་གཏོང་བྱས་ཏེ། རིམས་ནད་འགོག་སྡོམ་བྱ་བའི་ཐད་བྱས་རྗེས་གལ་ཆེན་བཞག

དབྱིན་པད་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་ཀྱི་གནས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་། ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་ཕྱོགས་གཉིས་ཀྱི་གནོན་ཤུགས་ཆེན་པོར་འཕྲད་ལ། རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བ་དེ་སྒེའུ་ཁུང་ལྟ་བུའི་དུས་སྐབས་དང་གནད་འགག་དུས་སྐབས་སུ་གནས། རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པས་རིམས་ནད་འགོག་སྡོམ་དང་གཏན་འཇགས་ལ་འགན་སྲུང་བྱེད་པའི་བྱ་བ་གཉིས་ཀ་སྒྲུབ་བཞིན་ཡོད་པས། འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྕི། རིམས་འགོག་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་དང་། ཉེན་ཁ་བཀག་འགོག་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ། སྤྱི་ཚོགས་བདེ་འཇགས་གཏན་འཇགས་ཐད་ཀྱི་ཉེན་ཁ་གཅིག་བསྡུས་སྒོས་རྟོག་སེལ་ཐག་གཅོད་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཡུལ་གནས་གཙོ་བོའི་འཕྲལ་བསྟུན་ལས་རེས་བཀོད་སྒྲིག་ཇེ་དྲག་ཏུ་བཏང་སྟེ། སྨན་བཅོས་སྒྲིག་ལམ་དང་རིམས་འགོག་སྒྲིག་ལམ། དྲ་རྒྱའི་སྒྲིག་ལམ། ཚོང་རའི་སྒྲིག་ལམ། སྤྱི་ཚོགས་སྒྲིག་ལམ་སོགས་ལ་གཏོར་བརླག་བྱེད་པའི་རིགས་མི་འདྲ་བའི་རིམས་འགོག་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་སྣ་ཚོགས་ལ་ཞིབ་དཔྱད་རྩད་གཅོད་ནན་མོ་བྱེད་དགོས། རིམས་འགོག་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། འཕྲོད་བསྟེན་བདེ་ཐང་དང་སྡོད་ཁུལ་སོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་སྣའི་རིམས་འགོག་ཞིབ་བཤེར་དང་རིམས་ནད་ཀྱི་འགོ་ཁུངས་རྩད་གཅོད། བརྒྱུད་ལམ་སྡུར་བཤེར། བརྒྱུད་འདྲེན་ལོགས་བཀར། གཞིས་ཁུལ་དོ་དམ་ཚོད་འཛིན། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཉེན་ཁ་ཆེ་བའི་ས་ཁུལ་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྣམ་གཡེང་དང་སྟེས་དབང་གི་བསམ་བློ་ཁྱད་སེལ་བྱེད་པ། རིམས་ནད་འགོག་སྲུང་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ། འགོག་སྲུང་ཡོ་ཆས་ཆ་སྡེབས་བཟང་བོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་རེས་བཀོད་སྒྲིག་བྱེད་པ། ལུགས་དང་མཐུན་པའི་སྒོ་ནས་ཉེན་རྟོག་པ་བཀོལ་ནས། དཔུང་སྡེ་ཡིས་ནམ་ཡང་སྤོབས་པ་ཆེན་པོ་དང་རྣམ་འགྱུར་བཟང་བོ། འཐབ་འཁྲུག་གི་ནུས་པ་བཟང་བོ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས།