ལིའུ་ཐའོ་ཡིས་མཚོ་བྱང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2022.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞིང་ཆེན་ཏང་ཨུའི་མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་ནས་ནན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་གི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས།

ལིའུ་ཐའོ་སྔ་གཞུག་ཏུ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཞན་མིས་ཡུལ་ཚོ་ཅུའུ་ཡང་ལུང་བ་དང་ཆི་ལེན་རྫོང་མཁར་དམར་གྲོང་རྡལ། འབྲོང་ལུང་ཡུལ་ཚོ། ཨ་མྱེས་སྟོང་སོ། རྫ་དམར་སྒོ་མེ་སྡེ་བ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་སྲུང་ས་ཚིགས་བཅས་ལ་སོང་ནས། ཡུལ་དངོས་ནས་འབྲོག་ཁུལ་ལྟ་སྐུལ་དོ་དམ་དང་རྩྭ་ཕྱུགས་དོ་མཉམ། སྐྱེ་ཁམས་གནས་སྤོར། དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་ཀྱི་ལྟ་ཞིབ་སྲུང་སྐྱོབ་དང་ཚན་རྩལ་ཁྱབ་གདལ་འགྲེམ་སྟོན་ཁང་འཛུགས་སྐྲུན་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བར་དམ་ཆུ་བོའི་སྲུང་སྐྱོབ་དོ་དམ་གནས་ཚུལ་ལ་སྐོར་ཞིབ་བྱས། ཁོས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཁག་ཁུར་འབད་འཐབ་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཤུགས་སྔར་ལས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས། མདོ་ལ་རི་བོའི་འཁྱགས་ཀློང་དང་ཆུ་ཁུངས་བསྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ་དང་། བར་དམ་ཆུ་བོ་སོགས་ཆུ་བོ་གཙོ་བོའི་སྤྱི་ཁོག་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེར་བཏང་ནས། མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རི་སྐྱེས་སྲོག་ཆགས་དང་འཚོ་སྡོད་བྱེད་སའི་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རིགས་མི་འདྲ་བའི་ཚན་རྩལ་ཁྱབ་གདལ་ཁང་བཀོལ་སྤྱོད་བྱས་ནས་རང་བྱུང་སློབ་གསོ་བཟང་བོར་སྤེལ་བ། མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་སློང་བཏང་སྟེ། སྟོབས་ཤུགས་སྔར་ལས་མང་པོ་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས།