ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་ནས་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།
2022.04.19 ཁུངས། ཀློག་གྲངས། 21

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པར་ཟུར་ཞུགས་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས། ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་གྱིས་གཏན་འབེབས་བཟོས་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། མི་དམངས་ཀྱི་ཁེ་ཕན་ལྷག་བསམ་རྣམ་དག་ངང་མཚོན་པར་བྱས་ནས། རང་སོ་སོའི་ལས་གནས་སྟེང་དུ་སྔར་ལས་ལྷག་པའི་གྲུབ་འབྲས་གསར་པ་བསྐྲུན་ཏེ། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། འཐུས་མིས་འགན་འཁྲི་སྒྲུབ་པའི་ལས་དོན་དང་ལྷག་པར་དུ་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་རིང་དུ། གཤམ་གསལ་གྱི་གཞི་རྩའི་ཚད་གཞི་ཁ་ཤས་ལ་སྟངས་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་གཞི་རྩ་ཡིན་པར་བརྟེན། ངེས་པར་དུ་གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས། གཉིས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་ཁྱོན་ཡོངས་ནས་གནད་ལ་འཁེལ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ལས་ཀའི་ཁྲོད་ལག་བསྟར་བྱེད་དགོས། གསུམ་ནས་རྒྱལ་ཁབ་ལས་ཁུངས་ཁག་གིས་རང་འགུལ་ངང་འཐུས་མི་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་སྒྲུབ་ལས་ཁུངས་དང་ལས་དོན་ཚན་ཁག་གིས་འཐུས་མིས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། བཞི་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ཁྲོད་ཞུགས་དགོས། ལྔ་ནས་འཐུས་མི་ནི་མི་དམངས་ལས་བྱུང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་དགོས་པའི་ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་བྱེད་དགོས། དྲུག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་དཔེ་བཟང་ངང་བརྩི་སྲུང་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།