རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པ་པེ་ཅིང་དུ་བསྡུས།
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི། དུས་བཅད་ཚོང་ཟོག་དང་མཆེད་ཐོན་དངོས་རྫས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཡང་ཞིབ་མ་ཡིག་ནང་མཆེད་ཐོན་དངོས་རྫས་ཉོ་ཚོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་གན་རྒྱའི་གོ་དོན་གྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ་སོགས་ཚུད་ཡོད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི། ལས་རིགས་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་། འཆར་ཟིན་གྱི་ཡང་ཞིབ་མ་ཡིག་ནང་ལས་རིགས་སློབ་གསོའི་ལས་ཞུགས་ཀྱི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ཡིན་ཐང་ལྟ་བ་ལས་རིགས་སློབ་གསོའི་ནང་སྔར་ལས་མཉམ་འདྲེས་ཐུབ་པར་བྱེད་པ། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་ཚུད་ཡོད།

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་འཆར་ཟིན་གཉིས་ཅུང་གནད་འཁེལ་འཐུས་ཚང་ཡིན་པར་ངོས་འཛིན་བྱས་ཡོད་པས། ད་རེས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།

ཚོགས་ཐོག་ནས་ཞུས་ཧུའེ་ཡིས་ཕུལ་བའི་ལུས་རྩལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཡིག་གིས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ཀྱི་ནང་དོན་མཚོན་ཡོད་ཅིང་། གཞི་རྩའི་སྤྱི་པའི་ལུས་རྩལ་ཞབས་ཞུ་མཁོ་འདོན་གྱི་གཏན་འབེབས་མང་དུ་བཏང་ནས། ལོ་ཆུང་་གཞོན་ནུའི་ལུས་རྩལ་དང་སློབ་གྲྭའི་ལུས་རྩལ་འཕེལ་རྒྱས་གཏོང་བའི་ནང་དོན་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཚུད་ཡོད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིའུ་ཅིས་ཞིན་གྱིས་ཕུལ་བའི། ས་ནག་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན།  འཆར་ཟིན་གྱི་བསྐྱར་ཞིབ་མ་ཡིག་གིས་འབྲེལ་ཡོད་ས་ནག་ཞིང་སའི་ཁྱབ་ཁོངས་ཀྱི་གཏན་འབེབས་འཐུས་ཚང་དུ་བཏང་བ་དང་། ས་ནག་ཞིང་སའི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ནུས་པ་མངོན་གསལ་ཅན་དུ་བཏང་བ། ས་ནག་ཞིང་སའི་སྲུང་སྐྱོབ་ཀྱི་ཚན་རྩལ་འདེགས་སྐྱོར་དང་ལག་རྩལ་ཞབས་ཞུ་སོགས་ལ་ཤུགས་བསྣན་པ་བཅས་ཚུད་ཡོད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་ཕུལ་བའི། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བྱས་པའི་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་བསྐྱར་ཞིབ་མ་ཡིག་ནང་བུད་མེད་ཀྱི་མི་ལུས་དབང་ཆ་དང་མི་གཤིས་དབང་ཆར་སྲུང་སྐྱོང་བྱ་རྒྱུ་སྔར་ལས་མངོན་གསལ་ཅན་དུ་བཏང་བ་དང་། སྙན་ཞུ་དང་གཙང་བཤེར་ལམ་ལུགས་བཙུགས་ནས་བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་དུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་ཕུལ་བའི། ཉིས་སྟོང་ཉེར་གཅིག་ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྙན་ཞུར་ཉན།

ཚོགས་ཐོག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེའང་གིས་ཕུལ་བའི། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།