ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་དུ་མཚོ་རླུང་གི་གནོད་འཚེ་ཐེབས་པའི་ཐད་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 120

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་ལ་མཚོ་རླུང་གི་གནོད་འཚེ་ཐེབས་པའི་ཐད་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བཞེད་དོན། ཧྥི་ལི་ཕིན་ལ་མཚོ་རླུང་གི་གནོད་འཚེ་ཐེབས་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་། ང་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་འདོད་ཡོད་ཅིང་། ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་ཧྥི་ལི་ཕིན་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། མི་དམངས་ཚང་མ་སྔ་མོ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པའི་ཡིད་ཆེས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།