ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བསམ་འཆརཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2022.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ། དེའི་སྐོར་ནས་ཆེད་དུ་བརྡ་ཐོ་བཏང་ནས། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

བསམ་འཆར་ནང་མངོན་གསལ་བྱས་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་མཇུག་ཏུ་སླེབས་སྐབས། རིག་གནས་གཞི་གྲངས་ཅན་གྱི་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུའི་ལས་སྟེགས་གཞི་རྩའི་ཆ་ནས་བསྐྲུན་ཏེ། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་མཉམ་འགུལ་དང་ལངས་གཟུགས་དང་ཡོངས་སུ་ཁེབས་ཐུབ་པའི་རིག་གནས་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱེད་དགོས་ལ།  ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས། དངོས་ཁམས་ཁྱབ་ཚུལ་དང་གཏན་ཚིགས་འབྲེལ་བ། མགྱོགས་མྱུར་འབྲེལ་མཐུད། ཕན་འབྲས་ཆེ་བའི་འཚོལ་ཞིབ། ཁྱོན་ཡོངས་ནས་མཉམ་སྤྱོད། གཙོ་གནད་གཅིག་སྡུད་བཅས་ཀྱི་རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཆེ་མོའི་མ་ལག་ཅིག་བསྐྲུན་ནས། ཀྲུང་ཧྭའི་རིག་གནས་ཀྱི་དགེ་མཚན་ཁྱོན་ཡོངས་ནས་མངོན་པར་བྱེད་རྒྱུ་དང་། ཀྲུང་ཧྭའི་རིག་གནས་ཀྱི་གཞི་གྲངས་ཅན་གྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

བསམ་འཆར་ནང་བཏོན་དོན། རིག་གནས་ཁྱབ་ཁོངས་སུ་བསྐྲུན་ཟིན་པའམ་ཡང་ན་སྐྲུན་བཞིན་པའི་གཞི་གྲངས་ཅན་གྱི་བཟོ་སྐྲུན་དང་གཞི་གྲངས་མཛོད་ལས་གྲུབ་པའི་གྲུབ་འབྲས་གཅིག་གྱུར་སྒོས་བེད་སྤྱོད་བྱེད་རྒྱུ་དང་། ཀྲུང་ཧྭའི་རིག་གནས་ཀྱི་གཞི་གྲངས་མཛོད་གྲུབ་པར་འབྲེལ་བ་ཡོད་པ། ད་ཡོད་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱའི་སྒྲིག་ཆས་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་5Gརིམ་པའི་དྲ་རྒྱ། ཕན་ཚུན་སྦྲེལ་མཐུད་ཀྱི་ལས་སྟེགས་བཅས་ལ་བརྟེན་ནས། རྒྱལ་ཁབ་རིག་གནས་ཀྱི་ཆེད་དོན་དྲ་བ་གྲུབ་པར་བྱེད་པ་སོགས་གཙོ་གནད་ལས་འགན་ཁག་བརྒྱད་ཡོངས་འགྲུབ་བྱེད་དགོས།

བསམ་འཆར་ནང་བླང་བྱ་བཏོན་དོན། གཞི་གྲངས་འཚོལ་སྡུད་ལས་སྣོན་དང་ཉོ་ཚོང་བགོ་བཤའ། བརྒྱུད་གཏོང་གསོག་འཇོག གཞི་གྲངས་བཅོས་སྒྲིག་སོགས་ལྷུ་ཚིགས་སུ་རིག་གནས་གཞི་གྲངས་ཀྱི་བདེ་འཇགས་ཚད་གཞི་བཟོ་རྒྱུ་དང་། ཀྲུང་ཧྭའི་རིག་གནས་གཞི་གྲངས་མཛོད་ཀྱི་ནང་དུ་གཞི་གྲངས་འཇུག་པའི་ཚད་གཞིར་ཤུགས་སྣོན་པ། འཐུས་སྒོ་ཚང་བའི་རིག་གནས་གཞི་གྲངས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ། རིག་གནས་ཐོན་ཁུངས་ཀྱི་གཞི་གྲངས་དང་རིག་གནས་གཞི་གྲངས་ནང་དོན་གྱི་ཐོན་དབང་སྲུང་སྐྱོབ་བྱ་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།