མའོ་ཙེ་ཏུང་གི་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་སྤེལ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2022.05.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

བློ་མཐུན་མའོ་ཙེ་ཏུང་གི་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་སྤེལ་ནས་ལོ་བརྒྱད་ཅུ་འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  མའོ་ཙེ་ཏུང་གི་གསུང་བཤད་ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པར་བྱེད་པ། ལོ་རྒྱུས་ཀྱི་རང་རྟོགས་སྙིང་སྟོབས་ཆེན་པོའི་ངོས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་རིན་ཐང་གི་ཁྲིད་སྟོན་ནུས་པ་ཆེན་པོ་དང་རིག་གནས་གོང་བུར་འགྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་འདོན་སྤྲོད་བྱེད་དགོས།

ཝང་ཧུའུ་ཉིང་གིས་འདོད་དོན། དེ་རིང་ང་ཚོས་མའོ་ཙེ་ཏུང་གི་གསུང་བཤད་ལ་རྗེས་དྲན་བྱེད་པར་ཅིས་ཀྱང་། མར་ཁེ་སི་རིང་ལུགས་ཀྱིས་རིག་རྩལ་གྱི་མདུན་སྐྱོད་ཁ་ཕྱོགས་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ངང་ཏང་གིགཞུང་ལུགས་གསར་གཏོད་ལ་བརྟེན་ནས་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་མཛུབ་སྟོན་བྱེད་དགོས། མི་དམངས་ལྟེ་བ་ཡིན་པའི་གསར་གཏོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ས་གཞི་ཆེ་མོའི་སྟེང་ནས་རྐང་ཚུགས་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། རིག་རྩལ་སྤུས་དག་གསར་རྩོམ་དང་ཐོན་སྐྱེད་ཤུགས་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློའི་ཆུ་ཚད་དང་སྒྱུ་རྩལ་ཆུ་ཚད། གསར་གཏོད་ནུས་པ། ཕྱོགས་བསྡུས་སྟོབས་ཤུགས་བཅས་མཚོན་ཐུབ་པའི་ཕུལ་བྱུང་བརྩམས་ཆོས་གང་མང་འདོན་དགོས། ཏང་གིས་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། སྤྱོད་ཡོན་གཉིས་ལྡན་གྱི་རིག་རྩལ་མཁས་ཅན་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས།

ཧོང་ཁུན་མིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། སུན་ཁྲུན་ལན་དང་ཧྲིན་ཡུའེ་ཡུའེ། ལིའུ་ཆི་པའོ་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།