ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་ཟི་རྣམ་གཉིས་ཀྱིས་སོ་སོར་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མི་ཆོས་རིག་གནས་བརྗེ་རེས་ཀྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཀེན་ཐིན་ནི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་བོ་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལོ་ཡང་ཡིན། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་སྤྱི་ཚོགས་འགྱུར་ལྡོག་གི་ཚོད་བགམ་སྣ་མང་ཐེག་ཐུབ་པར་བྱས་ཏེ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བ་ཕྱོགས་ཡོངས་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དེ་ནི། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་བཞིན་པའི་བསྡུས་གཟུགས་ཤིག་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས་བློ་བསྡུས་དགེ་འཚོལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལེའུ་གསར་པ་རྩོམ་རྒྱུར་རོགས་རམ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཧྥེ་ཨར་ནན་ཏི་ཟི་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ། ཨ་ཀེན་ཐིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཡོད་ཅིང་། མ་འོངས་པར་ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་བསྐྲུན་རྒྱུར་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་གཉིས་ཀའི་སྨྱན་སྦྱོར་བར་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་བྱས་པ་དེས། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱ་རྒྱུར་ཡར་སྐུལ་བྱས་ཡོད། ཕྱོགས་གཉིས་ཀས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ནུས་པ་གང་ཡོད་བཏོན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་ཆེད་དུ། བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།
ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མི་ཆོས་རིག་གནས་བརྗེ་རེས་ཀྱི་མཐོ་རིམ་གླེང་སྟེགས་ཚེས་ཉེར་བརྒྱད་ཉིན་པེ་ཅིང་དུ་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་ཀྱིས་སྨྱན་སྦྱོར་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་མི་དམངས་ཀྱི་བདེ་སྐྱིད་མཉམ་དུ་དོན་གཉེར་བྱེད་དགོས་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ལ། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨ་ཀེན་ཐིན་གྱི་སྤྱི་བའི་སྨྱན་སྦྱོར་རྒྱལ་སྲིད་དྲུང་ཡིག་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས།
བན་དེ་སྐྱབས་ཀྱིས་བསྒྱུར།