མཚོ་སྔོན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་བྱ་འགུལ་གཟབ་རྒྱས་ངང་བསྡུས།
2022.10.01 ཁུངས། ཀློག་གྲངས། 31

ཟླ་དགུ་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་གྱིས་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་གསར་བརྗེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ཐང་ཆེན་དུ་ཉིས་སྟོང་ཉེར་གཉིས་ལོའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་བྱ་འགུལ་གཟབ་རྒྱས་ངང་སྤེལ། ཞིང་ཆེན་ཏང་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་དང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་བཅས་མཉམ་དུ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ནས། དཔའ་བོའི་བླ་མེད་ཀྱི་བྱས་རྗེས་ལ་རྗེས་དྲན་བྱས།

སྔ་དྲོའི་ཆུ་ཚོད་དགུའི་སྟེང་། སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་འབུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས། ཡུལ་དངོས་སུ་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་པ་དང་། ཚོགས་རའི་མི་ཡོངས་ཀྱིས་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

རྒྱལ་གླུ་བླངས་ཚར་པ་ན། ཀུན་གྱིས་ཞྭ་མོ་ཕུད་ནས་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། 

མྱ་ངན་ཞུས་ཚར་རྗེས། གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་འབུལ་བའི་རོལ་དབྱངས་ཀྱི་སྙན་འཇེབས་དབྱངས་རྟའི་ཁྲོད་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་དང་མཚོ་སྔོན་བཅའ་སྡོད་དམག་དཔུང་། དྲག་ཆས་ཉེན་རྟོག་རུ་དཔུང་། དམངས་གཙོ་ཏང་ཁག་སོ་སོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་མི་གཏོགས་པའི་རྒྱལ་གཅེས་མི་སྣ། ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཉེ་འབྲེལ་བཅས་དང་། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་གིས་ཕུལ་བའི་མེ་ཏོག་སི་རི་དགུ་བཅས་དལ་གྱིས་བཀྱགས་ཏེ་སྔོན་གཤེགས་དཔའ་བོའི་རྡོ་རིང་གི་ཕྱོགས་སུ་ཆས་ཤིང་། མེ་ཏོག་སི་ར་རྗེས་དྲན་རྡོ་རིང་གི་མདུན་དུ་བཞག  མེ་ཏོག་ཁྲོད་ཀྱི་ལུག་མིག་མེ་ཏོག་དཀར་པོས་གསར་བརྗེ་སྔོན་གཤེགས་དཔའ་བོར་བཅངས་པའི་དྲན་གདུང་མཚོན་ལ། དར་ཐག་དམར་པོའི་སྟེང་བྲིས་པའི་གསར་བརྗེ་དཔའ་བོའི་སྙིང་སྟོབས་ལ་ཉམས་པ་མེད་ཅེས་པའི་ཡིག་འབྲུ་དེ་དག་ལ་བཀྲག་མདགས་འཚེར་བཞིན་འདུག

ཞིན་ཁྲང་ཞིང་དལ་གྱིས་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་ནས་མེ་ཏོག་སི་རའི་དར་ཐག་ལེགས་སྒྲིག་བྱས་པ་དང་།  སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་བསྐོར་བ་ལན་གཅིག་བརྒྱབ་ནས། སྔོན་གཤེགས་དཔའ་བོར་གུས་འདུད་ཞུས།

དེའི་རྗེས་སུ། རང་ཞིང་གི་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་བློ་མཐུན་དང་། སྔོན་གཤེགས་དཔའ་བོའི་ཉེ་འབྲེལ། འཐབ་མོ་བ་རྒན་པ། སློབ་གྲྭའི་དགེ་སློབ། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ་བཅས་ཀྱིས་གོ་རིམ་བཞིན་རྗེས་དྲན་རྡོ་རིང་ལ་བསྐོར་བ་བརྒྱབ་ནས། གསར་བརྗེ་སྔོན་གཤེགས་དཔའ་བོ་རྗེས་སུ་དྲན་པའི་གདུང་བ་མཚོན་པར་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥུན་གྱིས་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་འགོ་འཛིན་བྱས།

ལས་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། གསར་བརྗེ་སྔོན་གཤེགས་དཔའ་བོའི་ཁྲག་བཞུར་གྱི་བློས་གཏོང་མེད་ཚེ། ང་ཚོའི་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད། དཔའ་བོ་བཞུད་ཟིན་ཡང་། སྙིང་སྟོབས་བསྐལ་བརྒྱའི་བར་དུ་ཉམས་པ་མེད། སྔོན་གཤེགས་དཔའ་བོ་ལ་གུས་འདུད་ཞུ་ན་ཤུལ་བཞག་སྙིང་སྟོབས་རྒྱུན་འཛིན་བྱ་དགོས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། དམར་པོའི་ཁྲག་རྒྱུན་རྒྱུན་བསྲིང་ཐུབ་དགོས་པ་མ་ཟད། དེ་སྐྱོད་ལམ་གསར་བར་འབད་པས་བསྐྱོད་ནས། དུས་རབས་གསར་བར་བྱས་རྗེས་འཇོག་པའི་སྒུལ་ཤུགས་དྲག་པོ་རུ་བསྒྱུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།