ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་མཚོ་བཞི་སྡེ་བ་རུ་འཕྲིན་བཅར་མང་ཚོགས་ལ་སྣེ་ལེན་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་དཀའ་ཁག་ཐག་གཅོད་པ་དང་ཏང་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། འདུ་ཤེས་ཀྱི་བསམ་ཕྱོགས་དང་སྒྲིག་གཞི་རྐྱེན་སྲོལ། བྱེད་ཐབས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་དགོས།
རོང་བོ་གྲོང་རྡལ་མཚོ་བཞི་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་དབུལ་ཐར་སྡེ་བའི་ཁོར་ཡུག་བཅོས་སྐྱོང་ལས་གཞི་ལག་བསྟར་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་དང་རྒྱུས་ལོན་གསལ་བོ་བྱས་རྗེས། སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས་ནས་འཕྲིན་བཅར་མང་ཚོགས་ལ་སྣེ་ལེན་བྱས་པ་དང་། ཁོ་ཚོའི་ཞུ་གཏུག་ལ་ཉན་པ་དང་བརྗེ་རེས་བྱས་པ་མ་ཟད། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་ཇུས་གཞི་བཏོན་པ་དང་། མང་ཚོགས་ཀྱི་དགོས་མཁོ་ལ་དམིགས་ནས། སྲིད་ཇུས་སྦྲེལ་མཐུད་ཐད་ཀྱི་མི་འདང་ས་ཐག་བཅད་དེ། བློ་སེམས་རྩེ་གཅིག་གིས་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
འཕྲིན་བཅར་དང་ལེན་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་སྒོ་ཁྱིམ་དུ་སྐྱེལ་བའི་མང་ཚོགས་ཀྱི་བྱ་བ་ཡིན་པ་དང་། ང་ཚོས་མང་ཚོགས་ཀྱི་རེ་བར་རྒྱུས་ལོན་བྱེད་པ་དང་བྱ་བའི་ཐད་ཀྱི་མི་འདང་ས་འཚོལ་བའི་མེ་ལོང་ལྟ་བུ་ཡིན་པས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་བསྒྱུར་བ། བརྩེ་སེམས་དང་འགན་འཁྲི་སེམས་སུ་བཅངས་ནས་མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་བྱེད་པའི་གནད་དོན་ཐག་བཅད་དེ། ཁྲིམས་སྲོལ་དང་སྲིད་ཇུས་ལྟར་འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་དགོས། མང་ཚོགས་ཀྱི་ཡར་ཞུ་བྱས་པའི་གནད་དོན་ཐད་ནས་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་ཞིབ་བཤེར་བྱེད་པ། རིགས་འདྲའི་གནས་ཚུལ་འཚོལ་བ། རྐྱེན་སྲོལ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་སྒྲིག་ལམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། གནད་དོན་ཡང་བསྐྱར་བྱུང་བར་བཀག་འགོག་བྱེད་དགོས། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་ཞུ་གཏུག་ལ་རིགས་བགར་ནས་བྱེད་ཐབས་སྤྱོད་པ་དང་། ཁྲིམས་མཐུན་ལུགས་མཐུན་གྱི་ཞུ་གཏུག་ལ་ལྟ་སྟངས་ནན་མོ་འཛིན་པ་དང་ཐག་གཅོད་བཟང་བོ་བྱེད་པ། དུས་ཡུན་ཐུང་ངུའི་ནང་ཐག་གཅོད་མི་ཐུབ་པའི་གནད་དོན་ཐད་ནས་དུས་ཐོག་ཏུ་མང་ཚོགས་ལ་འགྲེལ་བཤད་དང་ཡར་ཞུ་བྱེད་པ་དང་མྱུར་དུ་ཐག་གཅོད་པ། མང་ཚོགས་ཀྱི་ལུགས་དང་མི་མཐུན་པའི་ཞུ་གཏུག་ལ་ཁ་ཕྱོགས་ནས་འགྲེལ་བཤད་བྱེད་པ་དང་སློབ་གསོ་བཏང་སྟེ། རྒྱུས་ལོན་བྱེད་པ་དང་ཧུར་ཐག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་ཕན་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།