ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལོ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་ནི་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་བདེ་ཐང་དང་བརྟན་པོའི་རྣམ་པ་རྒྱུན་འཁྱོངས་བྱུང་ནས། གྲུབ་འབྲས་གསར་པ་མང་པོ་བསྐྲུན་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཙུང་ཏུའུ་ཅི་ལོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་སྡོམ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་ལེགས་བསྐྲུན་འདོད་ཡོད།
ཅི་ལོ་ཡིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ནི་ནེའུ་ཙི་ལན་གྱི་ཕྱོགས་གཉིས་འབྲེལ་བ་གལ་ཆེན་ཞིག་ཡིན། ནེའུ་ཙི་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་བར་གྱི་ཡུན་རིང་གི་འགྲོ་འོང་ལོ་རྒྱུས་ལ་མཐོང་ཆེན་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨུན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ནེའུ་ཙི་ལན་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་མགོ་རྩོམ་ས་གསར་པར་བརྩིས་ནས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་དུ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཨ་ཏི་ཨུན་གྱིས་བསྟན་དོན། ནེའུ་ཙི་ལན་གྱིས་ཀྲུང་གོ་འདི་ཉིད་ས་ཁུལ་དར་རྒྱས་དང་བརྟན་ལྷིང་གི་འགག་རྩའི་ཆ་ཤས་ཤིག་ཏུ་བརྩི་བཞིན་ཡོད། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་འདིར། ནེའུ་ཙི་ལན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་གི་འགྲན་སློང་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུའི་རེ་ལྟོས་བཅངས་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།