ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ་ཧྲི་ཐའེ་ཧྥུན་གྱིས་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱབ་སྒྲོག་བྱས།
2022.12.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱབ་སྒྲོག་བྱས།

ཧྲི་ཐའེ་ཧྥུན་གྱིས་བསྟན་དོན། ད་ཐེངས་ཀྱི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དེ་དྲིལ་སྒྲོག་དང་ལག་བསྟར་བཅས་གཏིང་ཟབ་བྱེད་པའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གཏིང་ཟབ་གནང་ནས། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་ཆེ་ཕྱོགས་ལ་སྤྱི་སྡོམ་གཏིང་ཟབ་གནང་བ་ལས་གཞན། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ་བཅས་གསལ་པོར་བཏོན་ཡོད། དེ་མིན་ད་དུང་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ་ཤས་ལ་འཆད་འགྲེལ་གཏིང་ཟབ་གནང་ནས། རྩོམ་ཡིག་ཧྲིལ་པོར་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་ཀྱིས་ཀུན་ནས་ཁྱབ་ཡོད་ཅིང་། ཛ་དྲག་ཆེ་བའི་འགྲན་སློང་འོག་ཏུ་དཔལ་འབྱོར་ལས་དོན་ལེགས་པོར་སྒྲུབ་དགོས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། སང་ལོའི་དཔལ་འབྱོར་ལས་དོན་ལེགས་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཧྲི་ཐའེ་ཧྥུན་གྱིས་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཁོངས་མིའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རང་རྒྱལ་གྱི་རིམས་ནད་འགོག་སྡོམ་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ངོས་འཛིན་གང་ལེགས་བྱས། རིམས་ནད་འགོག་སྡོམ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གིས་རིམས་ནད་ཀྱི་འགྱུར་ལྡོག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་དང་བརྡར་གཅོད་བྱས་པའི་རྨང་གཞིའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སང་ལོའི་དཔལ་འབྱོར་ལས་དོན་ལེགས་པོར་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པར་གོམ་སྟབས་བརྟན་པོའི་ངང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

ཧྲི་ཐའེ་ཧྥུན་གྱིས་རེ་བ་བཏོན་དོན། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ། ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་སྔོན་འགོག་དང་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་གཏོད་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་རྩ་འཛུགས་ཡག་པོ་བྱས་ནས་སྲིད་གླེང་ཇུས་འདོན་གྱི་དམིགས་འབེན་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།