ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ། པེ་ཅིང་དུ་ལས་འགན་བསྒྲུབས་ཚུལ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ་ལ་མཇལ་འཕྲད་གནང་ནས། ལིས་ཅཱ་ཁྲའོ་ཡིས་ཕུལ་བའི་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུར་གསན།
ཞི་ཅིན་ཕིང་གིས་ལིས་ཅཱ་ཁྲའོ་ཡིས་སྲིད་འཛིན་དཔོན་གྱི་འགན་ཁུར་བའི་རིང་ལ། ཁོས་སྐབས་གསར་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པར་བྱས་པ་དང་དངོས་དོན་གཉེར་ནས་ཕན་ཐོགས་པར་བྱས་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ། དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་ཤུགས་ཆེན་ཡོང་བར་བྱས་པ། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་འབད་པས་བཏབ་པ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་ལག་བསྟར་ནན་ཏན་བྱས་པ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”ཞེས་པའི་སྣང་ཚུལ་གསར་པ་མངོན་པར་བྱེད་པ་བཅས་བྱས་ཏེ། ཞང་ཀང་འདི་ཉིད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཡང་དག་པའི་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་ཀྱིན་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་ཡིན་ལ། ཞང་ཀང་དང་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་བོའི་ནང་དར་རྒྱས་དང་བརྟན་ལྷིང་ཡོང་བར་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ལེགས་ཤོས་ཡིན། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་འཁེལ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ཞང་ཀང་གིས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་ལས་མཉམ་འདྲེས་ཐུབ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་ཞང་ཀང་ལ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ངེས་ཞེས་ནན་གྱིས་གསུངས།
ཧན་ཀྲིན་དང་ཏེན་ཞུའེ་ཞང་། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།