རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཀྲུང་ནན་ཧའེ་ཙི་ཀོང་ཀི་རུ། པེ་ཅིང་དུ་ལས་འགན་བསྒྲུབས་ཚུལ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧི་ཡུས་ཁྲིན་གཉིས་ལ་སོ་སོར་ཐུག་འཕྲད་བྱས་ནས། ཁོ་གཉིས་ཀྱིས་ཕུལ་བའི་ཞང་ཀང་དང་ཨོ་མིན་གྱི་མིག་སྔའི་གནས་བབ་དང་དེ་བཞིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཡར་ཞུར་ཉན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།
ལིས་ཁི་ཆང་གིས་ལིས་ཅཱ་ཁྲའོ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྱོད་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་སྐབས་དྲུག་པའི་འགན་ཁུར་བའི་རིང་ལ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པའི་སྣེ་ཁྲིད་དེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འབད་པས་བཏབ་ནས། ཞང་ཀང་གི་དཔལ་འབྱོར་གསོན་ཤུགས་སླར་གསོ་བྱ་རྒྱུར་ཤུགས་བསྣན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཏིང་ཟབ་པའི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱོད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བའི”ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་མུ་མཐུད་ཁྱོན་ཡོངས་ནས་འཕྱུགས་མེད་ངང་ལག་བསྟར་བྱེད་རྒྱུ་དང་། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་དབང་ཆ་དོན་འཁྱོལ་བྱེད་པ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། ཞང་ཀང་གི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཞང་ཀང་གི་ལས་དབང་དང་མེས་རྒྱལ་གྱི་ལས་དབང་དམ་པོར་འབྲེལ་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་གཞིར་བཟུང་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཞུགས་པའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ་ཞང་ཀང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མེས་རྒྱལ་ལ་རྒྱབ་སྐྱོར་དང་འཛམ་གླིང་ལ་འབྲེལ་མཐུད། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་བཅས་ཀྱི་ལྟེ་བའི་གནས་བབ་རྒྱུན་ཆད་མེད་པར་ཇེ་བརྟན་དང་ཇེ་མཐོར་གཏོང་རྒྱུ་དང་། རྒྱལ་སྤྱིའི་གསར་གཏོད་ཚན་རྩལ་ལྟེ་གནས་གང་མགྱོགས་སྒོས་བསྐྲུན་རྒྱུའི་རེ་བ་ཡོད་ལ། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་དམངས་ཚིས་ཇེ་ལེགས་སུ་བཏང་ནས། འཕེལ་རྒྱས་ཀྱིས་རྒྱ་ཆེའི་ཞང་ཀང་གི་གྲོང་མིར་བདེ་སྐྱིད་བསྐྲུན་དགོས།
དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་གྲོང་མིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་ཞང་ཀང་དང་སྐམ་སའི་འགྲོ་སྐྱོད་གནད་དོན་སྐོར་གླེང་སྐབས། ལིས་ཁི་ཆང་གིས་བསྟན་དོན། རིམས་ནད་འགོག་སྡོམ་གྱི་ལེགས་སྒྱུར་བྱེད་ཐབས་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ། འབྲེལ་ཡོད་ཕྱོགས་ཀྱིས་མཐུན་སྦྱོར་དམ་འཛིན་བྱས་ནས། ཞང་ཀང་དང་སྐམ་སའི་མི་སྣ་ཡི་འགྲོ་འོང་རིམ་གྱིས་རྒྱུན་ལྡན་ལྟར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ལིས་ཅཱ་ཁྲའོ་ཡིས་ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ལོ་གསར་པའི་ནང་ཞང་ཀང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞང་ཀང་གིས་ནུས་ཚོད་ཀྱིས་རྒྱལ་ཁབ་ཀྱི་དགོས་མཁོར་ལེགས་སྐྱེས་ཕུལ་ནས། ཞང་ཀང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལིས་ཁི་ཆང་གིས་ཧི་ཡུས་ཁྲིན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཁྱོད་ཀྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་དངོས་གཉེར་བྱས་ནས། བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་དཔལ་འབྱོར་བརྟན་པོ་དང་ལས་ཞུགས་འགན་ལེན། དམངས་ཚིས་ཕན་པ་བཅས་ཡོང་བར་བྱས་ནས། ཨོ་མིན་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་སྲུང་སྐྱོབ་བྱས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱོད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨོ་མིན་པས་ཨོ་མིན་སྐྱོང་བའི”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་ཁྱོན་ཡོངས་དང་གནད་འཁེལ་ངང་ལག་བསྟར་བྱ་རྒྱུ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཨོ་མིན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་དང་དཀའ་ངལ་ཁྱད་སེལ། ཧུར་ཐག་འབད་བརྩོན་སྒོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་ལེགས་པའི་སྒོ་ནས་ཞུགས་པ་དང་། ཧིན་ཆིན་ཀོང་ཏུང་ཨོ་མིན་མཉམ་ལས་ཟབ་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དཔལ་འབྱོར་འོས་འཚམ་གྱི་སྣ་མང་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། དམངས་ཚིས་མུ་མཐུད་ཇེ་ལེགས་སུ་གཏོང་བ། ཨོ་མིན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱ་རྒྱུའི་རེ་བ་ཡོད།
ཧི་ཡུས་ཁྲིན་གྱིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་ཨོ་མིན་གྱིས་རིམས་ནད་འགོག་སྡོམ་ནུས་ལྡན་དང་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཨོ་མིན་གྱིས་འབྱུང་འགྱུར་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྔར་ལས་ལེགས་པའི་སྒོ་ནས་སྟངས་འཛིན་བྱས་ཏེ། རྣམ་པ་གསར་པ་གཏོད་པ་དང་འཕེལ་རྒྱས་གསར་པ་ཡོང་བར་བྱ་རྒྱུ་ཡིན།
ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།