རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཚེས་ཉེར་བཞི་ཉིན་དུས་བཅད་ལྟར་སིང་ག་ཕོར་གྱི་ཕྱི་འབྲེལ་བློན་ཆེན་ཝེ་ཝུན་ལ་ཁ་པར་བཏང་།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཞན་ལུང་གཉིས་ཀྱིས་ལོ་ངོ་གསུམ་གྱི་རྗེས་སུ་མན་ཀུའུ་ནས་གྲོས་མོལ་མཛད་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་འཐབ་ཇུས་མཛུབ་སྟོན་གནངས། འཛམ་གླིང་ཧྲིལ་བོ་ཟང་ཟིང་འགྱུར་ལྡོག་གི་དུས་སྐབས་སུ་བསླེབས་ཤིང་། ས་ཁུལ་གྱི་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ་དང་། ཀྲུང་གོ་དང་སིང་ག་ཕོར་གྱིས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལག་རྡང་སྦྲེལ་ནས་འགྲན་རྩོད་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་པར་མ་ཟད། ས་ཁུལ་རང་དང་ཐ་ན་འཛམ་གླིང་ཡོངས་ཀྱི་གཏན་འཇགས་ཀྱི་རྒྱུ་རྐྱེན་གལ་ཆེན་དུའང་གྱུར་ཡོད། ལོ་མཇུག་གི་དུས་འདིར་ང་ཚོས་མཉམ་དུ་ཉམས་མྱོང་བཟང་བོ་སྤྱི་བསྡོམས་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར།
ཝེ་ཝུན་གྱིས་སིང་ག་ཕོར་དང་ཀྲུང་གོའི་བར་དུ་སྤེལ་བའི་མཐོ་རིམ་འགྲོ་འོང་ལ་གཟེངས་བསྟོད་བྱས་པ་དང་། ཕྱོགས་གཉིས་ཀྱིས་བླངས་པའི་ཐུན་མོང་ལྟ་ཚུལ་དང་མཉམ་ལས་གྲུབ་འབྲས་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན། ཁྱད་པར་དུ་སིང་ག་ཕོར་དང་པེ་ཅིང་བར་གྱི་ཐད་གཏོང་གནམ་གྲུ་སླར་གསོ་བྱས་ཏེ་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྔར་ལས་སྟབས་བདེ་བཟོས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོས་དུས་རིམ་རྗེས་མའི་མཐོ་རིམ་འགྲོ་འོང་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཝེ་ཝུན་གྱིས་བཤད་རྒྱུར། ཀྲུང་གོས་རིམས་འགོག་བྱས་ནས་ལོ་ངོ་གསུམ་རིང་གྲུབ་འབྲས་ཆེན་པོ་བླངས་པ་དང་ཞོར་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོར་སྟོབས་དང་ལྡན་པའི་མགོ་ཁྲིད་སྒྲིག་ལུགས་དང་། སྟོབས་དང་ལྡན་པའི་ཐོན་སྐྱེད་གསར་སྤེལ་ནུས་པ། སྨན་བཅོས་མ་ལག་བཅས་ཡོད་ལ། དེ་ཀྲུང་གོ་འགྲན་རྩོད་གསར་བ་ལས་རྣམ་པར་རྒྱལ་བར་རོགས་འདེགས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་སླར་གསོ་འབྱུང་བ་མངོན་འགྱུར་བྱེད་ཐུབ། སིང་ག་ཕོར་ཕྱོགས་དོན་དེར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། སྤུན་ཟླའི་མཛའ་བརྩེ་གཙོར་བཟུང་སྟེ་ཀྲུང་གོའི་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
ཝང་དབྱི་ཡིས་མིག་སྔའི་ཀྲུང་གོའི་རིམས་འགོག་གནས་བབ་མཚམས་སྦྱོར་བྱས། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་སྲིད་འཛིན་འདུ་ཤེས་ཡིན་པ་ནན་གྱིས་བསྟན། ཀྲུང་གོའི་མི་དམངས་ཉེན་ཁ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁ་བླངས་མྱོང་བས། རིམས་ནད་འགོག་བཅོས་ཀྱི་མཇུག་མཐའི་རྒྱལ་ཁ་ལོན་ཁོ་ཐག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣའི་འགྲོ་འོང་ལ་སྔར་ལས་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། དགོས་མཁོ་ཇེ་ཆེར་སོང་བ་དང་སྲིད་ཇུས་ཀྱི་ཕན་ནུས་ཐོན་པ་དང་བསྟུན་ནས་ཀྲུང་གོའི་དཔལ་འབྱོར་ཐད་སླར་གསོའི་འཕར་སྣོན་གྱི་རྣམ་པ་བཟང་བོ་མངོན་ཡོད་ལ། ཀྲུང་གོ་དང་སིང་ག་ཕོར་འདུས་པའི་རྒྱལ་ཁབ་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཕན་འབྲས་སྔར་ལས་ཆེན་པོ་ཐོན་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།