ཞི་ཅིན་ཕིང་གིས་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་ཚོགས་པའི་སྒྱུ་རྩལ་པ་ཚོར་ཡིག་ལན་བསྐུར་ནས་སྐུལ་ལྕག་གནང་།
2022.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་ཚོགས་པའི་སྒྱུ་རྩལ་པ་ཚོར་ཡིག་ལན་བསྐུར་ནས། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དེ་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་ཡང་བསྐྱར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐད་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་ཡིག་ལན་ནང་དུ་བསྟན་དོན། ད་ལོ་ནི་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་ཚོགས་པའི་དེ་སྔའི་མིང་སྟེ་ཀྲུང་དབྱང་གླུ་གར་ཚོགས་པ་བཙུགས་ནས་ལོ་བདུན་ཅུ་འཁོར་བ་དང་། ཤར་ཕྱོགས་གླུ་གར་ཚོགས་པ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་འཁེལ་ཡོད་པས། ཁྱོད་ཚོ་དང་དེ་བཞིན་འཁྲབ་སྟོན་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ལ། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་མང་པོའི་རིང་ལ། ཁྱོད་ཚོས་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་མང་པོ་བརྩམས་པ་དང་། རིག་རྩལ་དར་རྒྱས་གོང་འཕེལ་དང་ཕྱི་ཕྱོགས་བར་གྱི་རིག་གནས་བརྗེ་རེས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས། དེང་སྐབས་ཁྱོད་ཚོ་གཞི་ནས་ཀྲུང་གོ་གསར་པའི“རིག་གནས་ཀྱི་གཞུང་ཚབ་གལ་ཆེན”དང་བཀྲག་མདངས་ཆེ་བའི“རིག་གནས་ཀྱི་མིང་བྱང”ཞིག་ཏུ་གྱུར་ཡོད། སྒྱུ་རྩལ་པ་མི་རབས་མང་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། དུས་རབས་ཀྱི་ཆེད་དུ་གླུ་དབྱངས་བླངས་པ་དང་མི་དམངས་ཀྱི་ཆེད་དུ་ཞབས་བྲོ་འཁྲབ་ནས་རིག་རྩལ་ལས་དོན་པའི་འགན་འཁྲི་ཁག་ཁུར་མཚོན་པར་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོད་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དེ་དྲིལ་སྒྲོག་དང་ལག་བསྟར་བཅས་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་ལ་མཐོང་ཆེན་བྱེད་པ། དག་སྲུང་གསར་གཏོད་བཅས་བྱས་ནས་དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཀྲུང་གོ་བའི་སྙིང་སྟོབས་མཚོན་པར་བྱས་ཏེ་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་རང་བརྩོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།