ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ཆང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གསིང་རུ་མ་ཡུལ་ཚོ་ཞང་ཡང་སྡེ་བ་རུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
ཞང་ཡང་སྡེ་བ་རུ། དབྱི་ཧྲུའུ་ཆང་གིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་ཚབ་པ་བཅས་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་བརྗེ་རེས་བྱས། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་ལས་འགན། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས། དབྱི་ཧྲུའུ་ཆང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་འགྲེལ་བཤད་ཆ་ཚང་དང་འགྲེལ་ཀློག་ཟབ་མོ་བྱས་པ་དང་། འབྲོག་པ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་དགོངས་དོན་གྱི་གོ་དོན་གཙོ་བོའི་བོད་རྒྱ་སྐད་གཉིས་ཀྱི་ཡིག་ཆ་བྱིན། དེའི་རྗེས། དབྱི་ཧྲུའུ་ཆང་གིས་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལྔར་འཚམས་འདྲི་བྱས་པར་མ་ཟད། ཁྱིམ་ཚང་རེ་རེར་འཚམས་འདྲི་དངུལ་དང་འཚོ་བའི་དངོས་ཟོག་བྱིན། མང་ཚོགས་ཚེ་མཚོ་དང་གསར་བརྗེ་གཉིས་ཀྱི་ཁྱིམ་ཚང་དུ། དབྱི་ཧྲུའུ་ཆང་གིས་ཚང་མ་དང་གླེང་མོལ་བྱས་ནས། འཚོ་བའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་སྒོར་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་ཁྱད་སེལ་བྱས་ཏེ། རང་ཉིད་ཀྱི་ལག་པར་བརྟེན་ནས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་གསར་བ་སྐྲུན་རྒྱུའི་སྐུལ་སློང་བཏང་།
དར་ལག་རྫོང་དམངས་དམག་བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རིག་གནས་ཡན་ལག་རུ་ཁག་ཆུང་བའི་འཁྲབ་སྟོན་ལ་བལྟས་རྗེས། དབྱི་ཧྲུའུ་ཆང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དྲིན་གཟོའི་བསམ་པས་ཞང་ཡང་སྡེ་བ་དེ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་དགོས། དབྱི་ཧྲུའུ་ཆང་གིས་དམངས་དམག་ཡན་ལག་རུ་ཁག་གི་འཁྲབ་སྟོན་མི་སྣ་དང་གླེང་མོལ་བྱས་པ་དང་། སྒྲོག་འགྲེལ་འཁྲབ་སྟོན་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་དང་ཐོས་དགའ་མཐོང་སྤྲོ་ཡི་རྣམ་པ་བརྒྱུད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་དང་ཏང་གི་སྲིད་ཇུས་འགྲེལ་ཀློག་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ནུས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བ་དང་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་ཁག་ཐེག་བྱེད་དགོས།