ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བློ་མཐུན་ཀྲུའུ་ཀྲི་གོ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་ལས་བྱེད་པའི་མཚན་སྙན་གནང་རྒྱུའི་ཐག་བཅད།
2022.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ། ཞིང་ཆེན་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་བློ་མཐུན་ཀྲུའུ་ཀྲི་གོ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་ལས་བྱེད་པའི་མཚན་སྙན་གནང་རྒྱུ་མ་ཟད། རྩ་འཛུགས་ཁོངས་གཏོགས་སུ་བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་རྒྱུའི་ཐག་བཅད། ཐག་གཅོད་ལས་བསྟན་དོན། བློ་མཐུན་ཀྲུའུ་ཀྲི་གོ་ཡིས་རྩ་འཛུགས་བྱ་བ་བསྒྲུབས་ནས་ལོ་ཉི་ཤུ་ཙམ་འགོར་བའི་རིང་ལ། དུས་ནམ་ཡང་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ལས་གནས་བརྟན་སྲུང་དང་བྱ་བ་ནན་སྒྲུབ། འབད་འཐབ་ལྷོད་མེད་བཅས་བྱས། ཁོ་ནི་དད་སེམས་བརྟན་ཞིང་ཏང་ལ་བློ་དཀར་བར་མ་ཟད། ཁོས་དུས་ནམ་ཡང་ལངས་ཕྱོགས་གསལ་བོས་ཆབ་སྲིད་གཙིགས་སུ་འཛིན་རྒྱུ་དེ་གོ་གནས་དང་པོར་བཞག་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཤིང་། བྱ་བར་སྐུལ་འདེད་བཏང་ལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས། ཁོས་ཁག་ཁུར་དང་གསར་གཏོད་བྱེད་ཕོད་པ་དང་། དུས་ནམ་ཡང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་གཞི་རིམ་གྱི་བྱ་བ་དམ་དུ་འཛིན་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པ་དང་། སྡེ་བ་རིམ་པར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པ། རྩ་འཛུགས་ཁོངས་གཏོགས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་སོགས་བྱ་བ་ཧུར་ཐག་གིས་བསྒྲུབས་ནས། གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་ཉམ་ཞན་གནད་དོན་འབད་བརྩོན་ཆེན་པོས་ཐག་བཅད་ཡོད། ཁོས་ལས་བརྩོན་ལ་སྐུལ་སློང་དང་ཡག་ཐོག་རྒྱན་བརྩེགས་བྱས་ཏེ། དུས་ནམ་ཡང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་དོན་དག་ཚང་མར་སེམས་ཁུར་བྱེད་པའི་རྣམ་འགྱུར་གྱིས་བྱ་བ་རེ་རེ་བསྒྲུབས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དང་། ནན་གསུམ་རྣལ་གསུམ་གྱི་ཆེད་དོན་སློབ་གསོ། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་གཅིག་བསྡུས་སློབ་སྦྱོང་སློབ་གསོའི་ཇུས་འགོད་རྩ་འཛུགས་ཁྲོད་ཡོངས་སུ་ཞུགས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། བྱེད་སྒོ་སྤེལ་ཐབས་ལ་ཇུས་འགོད་ཞིབ་མོ་བྱས་པས། ཐེངས་མང་བོར་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་ཁས་ལེན་ཐོབ་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་བསྟོད་བསྔགས་ཐོབ་ཡོད། ཁོས་དམིགས་གཞི་སེམས་ལ་བརྟན་པོར་བཅངས་པ་དང་མང་ཚོགས་སེམས་ལ་བཅངས་ནས། དུས་ནམ་ཡང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སུམ་བརྒྱ་དང་རེ་གཉིས་ལ་སོང་སྟེ། སྡེ་བ་དང་སྡོད་ཁུལ་གྱི་ལས་བྱེད་པའི་ཟླ་ཕོགས་དམའ་བ་དང་། ལས་བྱེད་པའི་བྱང་ཚད་མཐོར་འདེགས་སུ་གཏོང་བ། འབྲོག་དམངས་བདེ་སྡོད་སོགས་ཀྱི་དོན་དངོས་དཀའ་ཁག་ཐག་བཅད། ཁོ་ནི་གཞི་རིམ་ལས་བྱེད་པའི་བློ་གཏོད་སའི་སྤུན་གྲོགས་ཡིན་ལ། ལས་གྲོགས་ཚོའི་སེམས་ཁོང་གི་བརྩོན་སེམས་ཅན་ཡིན་ཞིང་། མང་ཚོགས་ཀྱིས་བསྟོད་བསྔགས་བྱེད་པའི་བུ་བཟང་བོ་ཡིན། ཁོས་དྲང་བདེན་སྲུང་ཞིང་སྤྱོད་པ་བཟང་ལ། དུས་ནམ་ཡང་འབད་འབད་དུང་དུང་གིས་དོན་དག་སྒྲུབ་པ་དང་གཞུང་དྲང་སྤྱོད་གཙང་གི་མི་ཞིག་བྱེད་པའི་དམ་ཚིག་ལག་བསྟར་བྱས་པ་དང་། རྩའཛུགས་མི་དོན་སྒྲིག་ལམ་སྣེ་ཁྲིད་ནས་ལག་བསྟར་བྱས་ཤིང་། རང་ལ་རེ་བ་ནན་མོ་འདོན་པ་དང་བདེན་ལུགས་བསྐྱངས་ནས་བྱ་སྤྱོད་དངོས་ལས་གུང་ཁྲན་ཏང་མིའི་བསམ་པའི་མཐོ་ས་བརྟན་སྲུང་བྱས་ཡོད། ཐག་གཅོད་ལས་ནན་གྱིས་བསྟན་དོན། བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་བྱས་རྗེས་དང་བླ་མེད་སྙིང་སྟོབས་ཀྱིས་མི་རྣམས་ཡིད་འགུལ་ཐེབས་པར་བྱེད་པ་དང་ཚང་མའི་བརྩོན་སེམས་བསྐྱེད་པར་བྱེད། ཁོ་ནི་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་མཁན་གྱི་ཕུལ་བྱུང་འཐུས་ཚབ་ཡིན་ལ། དུས་རབས་གསར་པའི་རྩ་འཛུགས་ལས་བྱེད་པའི་མིག་དཔེ་དང་རྩ་འཛུགས་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ཡིན། རྒྱ་ཆེའི་རྩ་འཛུགས་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀྲུའུ་ཀྲི་གོ་མིག་དཔེར་བཟུང་སྟེ། ཁོའི་དད་མོས་བརྟན་པོ་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་རང་གཤིས་ལ་སློབ་སྦྱོང་བྱས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་དགོས་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་དགོས། ཁོའི་གཞུང་དྲང་སྤྱོད་བཟང་དང་དངོས་གཉེར་གསར་གཏོད་ཀྱི་ལས་རིགས་བྱ་སྤྱོད་ལ་སློབ་སྦྱོང་བྱས་ཏེ། འགན་འཁྲི་ཁུར་དུ་ལེན་པ་དང་འཐབ་རྩོད་བྱེད་ཕོད་པར་བྱས་ཏེ། དུས་རབས་གསར་བའི་རྩ་འཛུགས་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཁོའི་ལས་གཅེས་ལས་བཀུར་དང་ཕངས་མེད་འབད་བརྩོན་གྱི་བྱ་བའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ཏེ། དུས་ནམ་ཡང་ངར་སྐྱེད་འབད་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་རྣམ་པ་སྲུང་འཛིན་བྱེད་དགོས། ཁོའི་དམིགས་གཞི་སེམས་ལ་བརྟན་པོར་འཛིན་པ་དང་མང་ཚོགས་སེམས་སུ་འཛིན་པའི་སྤྱི་ཞབས་པའི་སྤྱོད་བཟང་ལ་སློབ་སྦྱོང་བྱས་ཏེ། རྩ་འཛུགས་བྱ་བས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་འབྲི་དགོས། ཁོའི་སྒེར་དོར་སྤྱི་སྐྱོང་དང་སྤྱོད་བཟང་སྤྱོད་གཙང་གི་ཡ་རབས་ཀུན་སྤྱོད་ལ་སློབ་སྦྱོང་བྱས་ཏེ། རང་ལ་རེ་བ་ནན་མོ་འདོན་པ་དང་དབང་ཆ་ནན་མོར་བཀོལ་བ། རང་གཅུན་ནན་མོ་བྱེད་པ་བཅས་བྱས་ཏེ་སྤྱོད་གཙང་གི་ངོ་བོ་དུས་གཏན་དུ་སྲུང་འཛིན་བྱེད་དགོས། ཐག་གཅོད་ལས་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པར་ཟུང་སྦྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་སྦྲེལ་བྱས་ཤིང་། དེང་སྐབས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་ཟུང་སྦྲེལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་སྤྱད་ནས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས་ལ། མགོ་ཁྲིད་ལ་ཤུགས་སྣོན་པ་དང་རྩ་འཛུགས་ཞིབ་མོ་བྱས་ཏེ་རྒྱ་ཆེའི་རྩ་འཛུགས་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ཀྱིས་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ཟབ་མོ་བྱས་ནས། གསར་སྤེལ་ཡར་བརྩོན་དང་བྱ་བ་ནན་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་ཁག་ཐེག་སྔར་ལས་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།