ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ། ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་བརྗོད་དོན་དུ་བཟུང་སྟེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་དོན་དང་ཟུང་སྦྲེལ་བྱས་ཤིང་། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”སྒྲུབ་པ་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་སྡུད་བྱེད་པ། སྣེ་ཁྲིད་དེ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྣེ་ཁྲིད་དེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་དོན་དངོས་ལ་ཟུང་སྦྲེལ་བྱས་ཏེ། གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་མི་འདང་ས་འཚོལ་འདོན་བྱས་ལ། ཏང་གཤིས་དབྱེ་ཞིབ་བྱས་ཤིང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཚོགས་འདུའི་སྔོན་ལ། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་མོ་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སེམས་གཏམ་བཤད་རེས་དང་གླེང་མོལ་བྱས་ནས་བསམ་འཆར་དང་གྲོས་གཞིར་ཉན་པར་མ་ཟད། གཏམ་བཤད་ཀྱི་ནང་དོན་གནད་བསྡུས་བྲིས། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་དེ། ཚོགས་འདུའི་བརྗོད་དོན་ལ་དམིགས་པ་དང་། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འབེབས་འགའ》ཞེས་པ་དང་། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》ཞེས་པ་གཉིས་ལ་ཞིབ་བསྡུར་བྱས་ཏེ། འཚོལ་འདོན་ནན་མོ་དང་དབྱེ་ཞིབ་གཏིང་ཟབ། བསམ་འཆར་ལྷུག་བརྗོད་བཅས་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོབ།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱི་གཏམ་བཤད་ཀྱིས་གཙོ་བོ་དོན་ཚན་དྲུག་ལ་དམ་པོར་དམིགས་ཡོད་དེ། གཅིག ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱས་ནས། རང་རྟོགས་སྒོས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་ལ་འབད་བརྩོན་ངོ་མ་བྱེད་པ་དང་ཕན་འབྲས་ངོ་མ་ལེན་པ། གཉིས། ་“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་བླངས་ཏེ། “སྲུང་སྐྱོང་གཉིས”སྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ། གསུམ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཡུན་རིང་གི་མཛུབ་སྟོན་དོན་སྙིང་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱས་ནས། དེ་དངོས་སུ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཀོལ་བ། བཞི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་བཅས་ཐད་ཀྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས། དཀའ་ཚེགས་ཆེ་བའི་ལས་འགན་དང་ཉེན་ཁ། འགྲན་སློང་བཅས་ཀྱི་མདུན་དུ་འཐབ་རྩོད་བྱེད་ཕོད་པ་དང་། འགན་འཁྲི་འཁུར་ཕོད་པར་བྱས་ཏེ། ཏང་གི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ། ལྔ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་མགོ་ཁྲིད་ལས་བྱེད་པའི་ཕྱོགས་སྟོན་གྱི་ནུས་པར་ངོས་འཛིན་སྔར་ལས་གཏིང་ཟབ་བྱས་ནས། རང་ངོས་གསར་བརྗེ་ནན་མོ་བྱས་ཏེ་རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བའི་ཐད་ཏང་ཡོངས་ལ་མིག་དཔེ་སྟོན་པ། དྲུག ཏང་ཆེན་པོར་དམིགས་བསལ་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་རྣམ་འགྱུར་བརྟན་པོའི་ཐད་ཀྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་བཅས་རེད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། དཀའ་ཚེགས་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱས་ཏེ་རིམས་ནད་འགོག་སྡོམ་བྱེད་པ་དང་། དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པ་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་ཕོག་ཐུག་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བར་བྱས་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་བྱས་པ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ལ། དངོས་གོང་བརྟན་པོ་ཡོང་བར་བྱས་ཤིང་། རྒྱལ་སྤྱིའི་འགྲོ་སྒོ་དང་ཡོང་སྒོའི་གནས་ཚུལ་ཅུང་ལེགས་པོ་མངོན་འགྱུར་བྱུང་ཡོད། འབྲུ་རིགས་ཐོན་ཚད་ལོ་བརྒྱད་ལ་བསྟུད་མར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་རྒྱུན་འཁྱོངས་བྱས་པ་དང་། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་འགན་སྲུང་ནུས་ལྡན་བྱས་ཡོད། པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་སོགས་ཀྱི་གྲུབ་འབྲས་འདི་དག་ནི་ལས་སླ་མོའི་ངང་ནས་ཐོབ་པ་ཞིག་མིན་པའི་དབང་གིས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གཅིག་གྱུར་གྱིས་བལྟས་ན། ལོ་གཅིག་རིང་གི་ལག་ལེན་ལས“གཏན་ཕབ་གཉིས”ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་སླར་ཡང་ར་སྤྲོད་བྱས་ཡོད། སྐྱོད་ལམ་གསར་པའི་སྟེང་དུ་ཏང་ཡོངས་ཀྱིས་ངེས་པར་དུ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ།“ངེས་པར་ གསུམ”བློ་ལ་བརྟན་པོར་ངེས་པར་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། གསར་སྤེལ་གསར་གཏོད་བྱེད་པ། མགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་ཡག་པོ་འདིང་དགོས་པར་འདོད།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོའི་ཞིབ་སྡུར་ཞིབ་བཤེར་གྱི་གཏམ་བཤད་རེ་རེ་ལ་དཔྱད་བརྗོད་གནང་བ་དང་རེ་རེར་བླང་བྱ་བཏོན་པར་མ་ཟད་སྤྱི་སྡོམ་གནང་། ཞི་ཅིན་ཕིང་གིས་ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་ཧ་ཅང་ཡག་པོ་འཚོགས་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ཚང་མས་སེམས་གཏིང་གི་སྐད་ཆ་བཤད་པ་དང་བསམ་བློ་བརྗེ་རེས་བྱས་ཤིང་། གནད་དོན་ལ་ཞིབ་བརྟག་བྱས་པ་དང་། ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཐུན་སྒྲིལ་སྔར་ལས་ཇེ་དམ་དང་ལས་དོན་ལེགས་བཅོས། འགན་འཁྲི་ཁག་ཁུར་བཅས་བྱེད་པར་ཕན་པ་ཆེན་པོ་ཡོད་པ་དང་། ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་གོང་བུར་འགྲིལ་ཤུགས་དང་འབད་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཇེ་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་གཏན་འབེབས་གསལ་བོ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ་དང་མིག་དཔེ་སྟོན་པ། རང་འཁྲིའི་ལས་འགན་ལ་ངོ་མི་གནོང་བ་དང་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ཁག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་བྱ་རྒྱུ་ནི། མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཐུས་ཚང་ཞིག་གི་ཏང་འཛུགས་ཀྱི་རྩ་དོན་གལ་ཆེན་ཡིན། ང་ཚོའི་ཏང་འདི་འདྲ་ཆེན་པོ་ཞིག་དང་རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་ལ། གལ་ཏེ་ཏང་ཀྲུང་དབྱང་གིས་སྟོབས་དང་ལྡན་པའི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་མ་ཐུབ་ན། རང་ཐག་རང་གཅོད་དང་རང་སྣང་གང་ཤར་གྱི་རྣམ་པ་འབྱུང་སྲིད་པས། བྱ་བ་གང་ཡང་སྒྲུབ་ཐབས་མེད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ་ནི་བྱེ་བྲག་ཡིན་པ་ལས་སྤྱི་མཚན་མིན་པས། ཐོག་མར་ཏང་ཀྲུང་དབྱང་གི་དབང་གྲགས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པའི་སྟེང་དུ་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་སྟེང་དོན་འཁྱོལ་བྱེད་དགོས། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་བྱེད་པའི་མཉམ་དཀྲོལ་རོལ་དབྱངས་ཁྲོད་འཆམ་མཐུན་གྱི་རྣམ་པ་ཞིག་གྲུབ་པར་བྱེད་དགོས་ལ། དུས་ནམ་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཏང་གི་དར་ཆ་དེ་དར་ཆར་བྱེད་པ་དང་ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་བློ་དེ་འདོད་བློར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་བ་རྣམས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་གཏན་ནས་མི་བྱེད་པ་བཅས་བྱས་ཏེ། དུས་རྒྱུན་དུ་ཚད་གཞི་དང་ཚད་ཤིང་ལྟར་སྐྱོན་ཆ་ཡོ་བསྲང་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་བློ་གཅིག་སེམས་གཅིག་བྱེད་པ། ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆེད་དུ་སེམས་ཁྲལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོབ་བྱེད་པ། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་རྒྱུ་བཅས་བྱེད་དགོས། ལས་དོན་ཁྲོད་ཀྱི་ཇུས་ཆོད་གལ་ཆེན་དང་དོན་དག་གལ་ཆེན། གནས་ཚུལ་གལ་ཆེན་བཅས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ང་ཚོས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། དེས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པའི་བྱང་ཚད་དང་འཇོན་ནུས་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་ཅིང་། ང་ཚོའི་བསམ་པའི་འཁྱེར་ཕྱོགས་དང་སྤྱོད་ཚུལ་གྱི་སྣང་བརྙན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོར་མཚོན་ན། འགན་འཁྲི་སྒྲུབ་ནུས་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ནུས་པ་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞིས་རང་ཉིད་ལ་བླང་བྱ་ནན་མོ་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཇེ་ཆེར་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེན་མོར་ཞིབ་འཇུག་དང་བརྡར་གཅོད་བྱེད་ཤེས་པར་བྱེད་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དོན་གཉེར་བྱེད་ཤེས་པར་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་དམངས་སེམས་ཐོབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བླང་བྱ་ལྟར་དུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་སྔོན་འགོག་དང་འདུམ་སེལ་བྱེད་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཇུས་འགོད་བྱས་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་པ་ལ། ཅིས་ཀྱང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་གི་ཆེད་དུ་ཡོད་ཚད་འབུལ་བ་དང་ཉིན་མཚན་ཀུན་ཏུ་སྤྱི་དོན་ལ་གཞོལ་བ། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་གཏོང་བའི་འགན་འཁྲི་སེམས་སུ་འཛིན་པ་དང་། ཁག་འཁུར་གྱི་སྙིང་སྟོབས་ཆེན་པོ་བཅངས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་དགོས། ལས་དོན་སྒྲུབ་པ་དང་ལས་སྐྲུན་བྱེད་པར་ཕན་པའི་ཁོར་ཡུག་བཟང་པོ་འབད་པས་བསྐྲུན་ནས། ལས་འགན་འཁུར་མཁན་གྱི་ཆེད་དུ་འགན་འཁུར་ཕོད་པར་བྱེད་པ་དང་ལས་འགན་སྒྲུབ་མཁན་གྱི་ཆེད་དུ་འགན་འཁུར་ཕོད་པར་བྱེད་པ། ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པ། འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པའི་ལས་བྱེད་པ་འཚོལ་རྙེད་དང་གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་ཤེས་པར་བྱེད་པ། ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་སྣ་ཚོགས་སེལ་བར་ཤུགས་སྣོན་པ། འགན་འཁུར་བར་མོས་པ་དང་འགན་འཁུར་ཕོད་པར་བྱེད་པ། འགན་འཁུར་ཤེས་པར་བྱེད་པ་བཅས་ཀྱི་སྲོལ་བཟང་དར་བར་བྱེད་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སྣེ་ཁྲིད་དེ་མ་ལག་གི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་མཁས་པར་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་མཁས་པར་བྱེད་པ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་ལག་བསྟར་བྱེད་མཁས་པར་བྱེད་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ནས། རང་རྟོགས་ངང་སྤྱི་ཡོངས་ལ་དམིགས་ནས་བྱ་སྤྱོད་སྤེལ་བ་དང་། གནས་ལུགས་ཆུང་བས་གནས་ལུགས་ཆེ་བར་བསྟུན་པ་དང་ས་གནས་ཀྱི་ཁེ་ཕན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་བསམ་གཞིགས་དང་ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། བརྒྱུད་རིམ་ལྡན་པའི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། ཚད་མཐའི་བསམ་གཞིགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་ལས་དོན་བཅས་ལ་སྐུལ་འདེད་ནན་མོ་གཏོང་དགོས། མིག་རྒྱང་རིང་བོ་འཛིན་པ་དང་ཕུགས་ལ་བསམ་བློ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དོན་དག་ཙག་ཙིག་གི་སྟེང་ནས་ཉི་མ་མི་གཏོང་བ་དང་སྤྱང་གྲུང་ལྡན་མདོག་མི་བྱེད་པ། རང་རྟོགས་སྒོས་རང་དོན་རིང་ལུགས་དང་ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གནས་རིང་ལུགས་བཅས་སྔོན་འགོག་དང་དེར་ངོ་རྒོལ་བྱས་ཏེ། ས་ཁོངས་གཅིག་གི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པར་མ་ཟད། ཁྱོན་ཡོངས་ཀྱི་ཆེད་དུ་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་སྤྱོད་ཚུལ་ནི་སྔར་ནས་བཟུང་ཏང་སྲོལ་དང་སྤྱི་ཚོགས་དར་སྲོལ་གྱི་ཕྱོགས་སྟོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་ཞིབ་བསྡུར་བྱས་ནས། དོན་ཚན་རེ་རེ་བཞིན་ཚད་གཞིར་འཛིན་པ་དང་། ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆ་གཙོ་གནད་དུ་བཟུང་ནས་ཡོ་བསྲང་བྱས་ཏེ། ཏང་གི་སྤྱོད་ཚུལ་བཟང་པོར་སྣེ་ཁྲིད་བྱས་ནས་དར་སྤེལ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མང་ཙམ་བསྐྱོད་ནས། དཀའ་ངལ་མང་ས་དང་མང་ཚོགས་ལ་བསམ་འཆརཆེ་ས། བྱ་བའི་རྣམ་པ་བསྐྲུན་མི་ཐུབ་ས་བཅས་ལ་མང་ཙམ་བསྐྱོད་དེ། གནས་ཚུལ་དངོས་ལ་ཞིབ་དཔྱད་དང་གནད་དོན་ལ་དབྱེ་ཞིབ་བྱས་ནས། གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་གདེང་ཚོད་ཡོད་པར་བྱེད་དགོས། ཁོར་ཡུག་སྐྲུན་པ་དང་ཆ་རྐྱེན་བསྐྲུན་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐད་ཆ་དྲང་མོར་བཤད་པ་དང་སྙིང་གཏམ་བཤད་པར་སྐུལ་མ་གཏོང་དགོས། ཤེས་རྟོགས་བྱུང་བའི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་གནད་འགག་མ་ནོར་བར་བཙལ་ནས་དམིགས་འབེན་ཡོད་པའི་སྒོ་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ང་ཚོའི་ཏང་གིས་དུས་ནམ་ཡང་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ལས། ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པ་གང་རུང་དང་དམིགས་བསལ་དབང་ཆ་ལྡན་པའི་རིམ་གྲས་གང་རུང་གི་ཁེ་ཕན་གཏན་ནས་མཚོན་གྱིན་མེད། མགོ་ཁྲིད་ལས་བྱེད་པ་རང་སྟེང་གི་བློ་རྩ་བརྟན་དགོས་ན་སྔོན་ལ་རང་ངོས་སྤྱོད་གཙང་ཡིན་དགོས། སྤྱོད་གཙང་ཡོང་བར་རང་རྟོགས་བྱེད་དགོས་ལ། གལ་ཆེ་བ་ནི་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཆེས་དཀའ་བ་ནི་མཐར་ཕྱིན་བྱེད་རྒྱུ་དེ་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་བྱེད་དགོས། སྣེ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། ལས་བགོས་འགན་འཁུར་ཁྱབ་ཁོངས་སམ་གཙོ་ནུས་ཐོན་ཁུལ་གྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དམ་འཛིན་ལེགས་པོ་བྱེད་པ་དང་། ཚུལ་མིན་གྱི་སྤྱོད་ངན་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། དྭངས་གཙང་གི་བློ་མཐུན་བར་གྱི་འབྲེལ་བ་དང་རིམ་ལྡན་གྱི་གོང་འོག་བར་གྱི་འབྲེལ་བ། མཛའ་གཙང་གི་སྲིད་ཚོང་འབྲེལ་བ་བཅས་གྲུབ་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན། སྲུང་སྐྱོབ་བྱེད་མཁན་བཅས་སུ་འགྱུར་བར་འབད་དགོས། དུས་མཚུངས་སུ། ཁྱིམ་མི་དང་གཉེན་ཉེ་ལ་དོ་དམ་ནན་མོ་བྱེད་པ་དང་ཉེ་གམ་གྱི་མིའི་དོན་དག་ལ་དོ་དམ་ཡག་པོ་བྱེད་དགོས་པ་ལས། ཁོ་ཚོར་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཁེ་ཕན་ཐོབ་ཐབས་གཏན་ནས་བྱེད་དུ་འཇུག་མི་རུང་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་ཧ་ཅང་ཡག་པོ་མང་པོ་བཏོན་ཡོད། ཚོགས་འདུའི་རྗེས་སུ་མྱུར་དུ་ཞིབ་འཇུག་བྱེད་པ་དང་བྱེད་ཐབས་འདོན་པ། བྱ་བ་ལེགས་བཅོས་བཅས་བྱས་ནས་ཕན་འབྲས་དངོས་འཐོབ་ཐབས་བྱེད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།