ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས།
ཨུ་ཡོན་ཀྲང་གཞོན་པ་ཨའེ་ལིས་ཀུན·ཡུས་མེན་པ་ཧའེ་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཅ་ཏུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི། ལས་ཞུགས་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུས་དུས་རབས་གསར་པའི་ལོ་བཅུའི་རིང་གི་རང་རྒྱལ་གྱི་ལས་ཞུགས་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ངོ་སྤྲོད་བྱས་པ་དང་འཕྲད་པའི་སྤྱིའི་གནས་བབ་ལ་དབྱེ་ཞིབ་བྱས།
ཚོགས་ཐོག་ནས་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་གཞོན་པ་ཝང་པུན་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི། ཉིས་སྟོང་ཉེར་གཅིག་ལོའི་ལོ་ཧྲིལ་བོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་ལ་རྩིས་བཤེར་བྱས་ནས། རྩད་ཆོད་པའི་གནད་དོན་གཞན་དག་བཅོས་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུས་རྩིས་བཤེར་དག་ཐེར་ལས་དོན་གྱི་བཀོད་སྒྲིག་དང་ཕན་འབྲས། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་པའི་གནས་ཚུལ་བཅས་ངོ་སྤྲོད་བྱས། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་དུ། མྱུར་མོར་ལག་བསྟར་དང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པའི་གནད་དོན་སྟོང་བཞི་དང་བཞི་བརྒྱ་བཅུ་གཉིས་བཅོས་སྒྲིག་གནད་ལ་འཁེལ་བ་བྱས་ཡོད་ཅེས་བསྟན།
ཚོགས་ཐོག་ནས་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི། ནོར་སྲིད་དང་སྤྱི་ཚོགས་འགན་སྲུང་གི་མ་དངུལ་བགོ་བཤའ་དང་བེད་སྤྱོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། སྙན་ཞུས་ནོར་སྲིད་སྤྱི་ཚོགས་འགན་སྲུང་གི་མ་དངུལ་བགོ་བཤའ་དང་བེད་སྤྱོད་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ནོར་སྲིད་སྤྱི་ཚོགས་འགན་སྲུང་གི་མ་དངུལ་དོ་དམ་ལ་ཤུགས་སྣོན་པའི་བྱེད་ཐབས་གཙོ་བོ་དང་གནས་པའི་གནད་དོན་ངོ་སྤྲོད་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུར་ཉན། སྙན་ཞུས་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་གཅིག་ལྷག་འཁོར་བའི་རིང་ལ། ཁྲིམས་ལྟར་འབྲི་ཆུ་བཅོས་སྐྱོང་དང་ཁྲིམས་ལྟར་འབྲི་ཆུ་སྲུང་སྐྱོབ། ཁྲིམས་ལྟར་འབྲི་ཆུ་རྒྱས་པར་བྱེད་པ་བཅས་ལ་ཕན་འབྲས་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། གནས་པའི་གནད་དོན་གཙོ་བོ་ངོ་སྤྲོད་བྱས་པར་མ་ཟད། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གྱི་བསམ་འཆར་དང་གྲོས་གཞི་བཏོན།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་། འཐུས་མིས་ཕྱོགས་སོ་སོའི་ལས་དོན་ལ་གྲོས་གཞི་དང་། སྐྱོན་བརྗོད། བསམ་འཆར9203བཏོན་པ་དང་། སྒྲུབ་འགན་འཁུར་བའི་སྡེ་ཚན208ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་གཅིག་གྱུར་ཐོག་སྤྲད་ཡོད། ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་གོ་ཀྲིན་ཧྭ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ཅིན་ཀྲོང་ལུང་གིས་སོ་སོར་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་དང་། སྐྱོན་བརྗོད།བསམ་འཆར་བཅས་གཉེར་སྒྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད། སྙན་ཞུའི་ནང་འདི་ལོའི་འཐུས་མིའི་གྲོས་འཆར་འདོན་པ་དང་། བསྡུ་སྤྲོད། སྒྲུབ་གཉེར་བཅས་ཀྱི་ལས་དོན་བདེ་བླག་ངང་སྤེལ་བ་དང་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་འཐུས་མིའི་གྲོས་གཞིའི་ལས་དོན་གྱི་ལམ་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚུན་དང་2022ལོར་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད། སྙན་ཞུའི་ནང་ལོ་ལྔའི་རིང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷ་ཁང་གིས་ཐོ་འགོད་སྙན་ཞུ་ཕུལ་བའི་ཁྲིམས་སྲོལ་དང་།ཁྲིམས་འཛིན་འགྲེལ་བཤད། དེ་བཞིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་བཅས་ཁྱོན་བསྡོམས7261བསྡུ་ལེན་བྱས་ཡོད། རྒྱུན་མཐུད་འབད་བརྩོན་དང་སྐུལ་འདེད་ནུས་ལྡན་བྱས་པ་བརྒྱུད། ཐོ་འགོད་ཞིབ་བཤེར་ལས་དོན་ལ་མངོན་གསལ་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་རིམ་བཞིན་མངོན་འགྱུར་བྱུང་ནས་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད།
ཚོགས་འདུའི་ཐོག་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་ཅུས་ཀྲང་ཞུས་ཆོན་ཝེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཁྲིམས་འགལ་ངང་ས་མཚམས་ནང་ཡོང་བ་དང་། ཁྲིམས་འགལ་ངང་གནས་སྡོད་བྱེད་པ།ཁྲིམས་འགལ་ངང་ལས་ཞུགས་བྱེད་པའི་ཕྱི་རྒྱལ་བ་བཅོས་སྐྱོང་བྱེད་པ་བཅས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།