ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་པེ་ཅིང་དུ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཞིང་པ་ཞོར་ལས་པའི་གླ་ཕོགས་གཏོང་སྤྲོད་ལ་འགན་ལེན་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་པ་ཞོར་ལས་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་དམངས་འཚོའི་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཁྲིམས་ལྟར་ཆད་བཅོས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བའི་དབང་གིས། གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། གླ་ཕོགས་ལ་བསྡོམས་རྩིས་རྒྱག་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་ལ། ཞིང་པ་ཞོར་ལས་པས་རང་ཉིད་ཀྱི་དཀའ་སྡུག་ལ་བརྟེན་ནས་ཐོབ་པའི་གླ་ཕོགས་དུས་ལྟར་ལག་ཏུ་ཐོབ་ནས་ལོ་གསར་སྐྱིད་པོ་རོལ་འདོད་ཀྱི་འདུན་པ་སྔར་ལས་ཆེ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ལྟར་སྟེར་རྒྱུར་འགན་ལེན་བྱེད་པའི་ལས་དོན་ཁག་རྒྱུན་མཐུད་ངང་ཡག་པོར་སྒྲུབ་དགོས། གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་ལ་གཅིག་སྡུད་སྒོས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྒོས་སྤེལ་བ་དང་། སྡེ་ཁག་མང་པོའི་མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་པ། གླ་ཕོགས་འགོར་འགྱངས་གཏོང་བའི་གནས་ཚུལ་ཐོན་སླ་བ་དང་ཐོན་མང་བའི་ཁྱབ་ཁོངས་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་གཟས་ནས་གླ་ཕོགས་འགོར་འགྱངས་གཏོང་བར་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། གླ་ཕོགས་འགན་ལེན་མ་དངུལ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས། ཞིང་པ་ཞོར་ལས་པར་དུས་ལྟར་གླ་ཆ་འདང་ངེས་སྟེར་རྒྱུར་འགན་ལེན་བྱེད་དགོས། ཞིང་པ་ཞོར་ལས་པར་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཤོར་ཞིང་པ་ཞོར་ལས་པ་དང་དཀའ་ངལ་ཡོད་པའི་ཞིང་པ་ཞོར་ལས་པར་དུས་ཐོག་ཏུ་ལས་ཤོར་ཁ་གསབ་དང་དཀའ་ངལ་སེལ་རོགས་བྱེད་པ། གཞི་རྩའི་དམངས་ཚིས་གཞི་ཐིག་བརྟན་སྲུང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་གཏོང་བའི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།