རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བརྒྱ་དང་སོ་གཅིག་པ་བསྡུས།
2022.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱ་དང་སོ་གཅིག་པ་པེ་ཅིང་དུ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

གྲོས་ཚོགས་ལས་རིམ་བཞིན་རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི། ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ། གྲ་སྒྲིག་དམག་ཞབས་མི་སྣའི་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ། ཕྱི་ཕྱོགས་ཉོ་ཚོང་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་སྐོར་གྱི་ཁྲིམས་དོན་གྲོས་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་གྲོས་གཞིའི་ཚབ་བྲིས་མ་ཡིག་དང་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་མ་ཡིག ཆོད་དོན་འཆར་ཟིན། འགྲེལ་བཤད་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་ཕུལ་བའི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ། ཡ་མེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ། ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ། ཝུའུ་ལ་ཀུའེ་ཏུང་ཨན་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱིས་བཞག་པའི་འཛིན་སྤྲོད་སྐོར་གྱི་ཆིངས་ཡིག་དང་། 《ཡུན་རིང་རང་བཞིན་གྱི་སྐྱེ་ལྡན་འབག་བཙོག་དངོས་རིགས་སྐོར་གྱི་སི་ཐོག་ཁོར་མོའི་སྤྱི་ཆིངས》ཞེས་པའི་འབག་བཙོག་དངོས་རིགས་སྐོར་གྱི་བཟོ་བཅོས་འཆར་ཟིན་གཉིས་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཟིན་བྲིས་ཚབ་འགོད་བྱས་ཚུལ་ལ་གྲོས་ཞིབ་ཀྱང་བྱས།

ཨུ་ཡོན་ཀྲང་གི་ཚོགས་འདུའི་སྟེང་དུ་གོང་གསལ་གྱི་གྲོས་གཞིའི་ཚབ་བྲིས་མ་ཡིག་དང་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་མ་ཡིག གཏན་འབེབས་མ་ཡིག འགྲེལ་བཤད་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།