རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་པེ་ཅིང་དུ། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཁ་པར་བཏང་།
ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་རྒྱལ་ཁབ་གཉིས་ཀའི་བར་གྱི་ཆུ་ཚད་མཐོ་ཤོས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན། དཔེ་སྟོན་རང་བཞིན་བཅས་སྔར་ལས་མངོན་གསལ་ཅན་དུ་ཕྱིན་ཡོད། ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཞན་ལུང་གིས་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་བྱས་ཏེ། དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུ་ནི་རྒྱལ་ཁབ་གཉིས་ཀའི་མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་གཏིང་ཟབ་དུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་སྤྱི་འདོམས་འཆར་འགོད་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ལམ་སྲོལ་ཚོགས་འདུ་སྔར་ལས་ཡག་པོ་སྤྱད་དེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་འཐབ་ཇུས་འཆར་འགོད་དང་སྲིད་ཇུས་ཀྱི་སྣེ་སྟོན་སྔར་ལས་ལེགས་པོ་མཁོ་འདོན་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཝང་རོས་ཅེ་ཡིས་སིང་ཀ་ཕོར་དང་ཀྲུང་གོ་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་ཚོགས་འདུའི་དམིགས་བསལ་གྱི་རིན་ཐང་དང་སྟེགས་བུ་གལ་ཆེན་གྱི་ནུས་པར་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་སྣེ་ཁྲིད་ནུས་ལྡན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་དུས་བསྟུན་འཕེལ་རྒྱས་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ལམ་སྲོལ་ཚོགས་འདུ་ལེགས་པར་སྤྱད་དེ། ཕྱོགས་གཉིས་ཀའི་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།