ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན་སོགས་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་དང་། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་ལྷན་དུ་འཛོམས་ནས། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་གསར་བསུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་དུ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཞིག་ཡིན། མགོ་རྩོམ་རྒྱུ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། མགོ་དངོས་སུ་བརྩམས་ནས་གོམ་སྟབས་གཏན་འཁེལ་བྱེད་དགོས། ང་ཚོས་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་སློང་བསུ་བ་དང་། འབད་འབུངས་ཡར་བརྩོན་ལ་བརྟེན་ནས་འབྱུང་འགྱུར་བསྐྲུན་པ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མངོན་འགྱུར་ཧུར་ཐག་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་རྨང་གཞི་བཟང་པོ་འདིང་དགོས།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཞང་ཀང་སྤུན་ཟླ་དང་ཨོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་དང་དེ་བཞིན་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ། ལོ་ལེགས་ཆེན་པོ་བྱུང་བ། ལས་ཞུགས་དང་དངོས་གོང་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཡོད། ང་ཚོས་དུས་བབ་དང་བསྟུན་ནས་འགོག་སྡོམ་གྱི་ཐབས་ཇུས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཇེ་ཉུང་དུ་བཏང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས། ང་ཚོས་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས། ང་ཚོས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་འཐབ་རྩོད་མཐའ་གཅིག་ཏུ་བྱས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ཁོར་ཡུག་སྤྱིའི་ཆ་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱས་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་མོའི་སྒོ་ནས་ཐོབ་ཐུབ་པ་ཞིག་མིན་པར། དེ་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིསཉིས་སྟོང་ཉེར་གཉིས་ལོར། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ལ། ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་ཕྱོགས་གཉིས་ཀར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་རྒྱུན་འཁྱོངས་བྱས། དེ་མིན་ད་དུང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ལ་དམིགས་ནས་གྲོས་མོལ་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམངས་གཙོའི་ལྟ་སྐུལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྔ་རྗེས་སུ་སྐབས་བརྗེ་བྱས་ཏེ། སྐབས་གསར་པའི་མགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བ་དང་། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་བཏང་ལ། ཏང་མང་མཉམ་ལས་ཀྱི་ཐུན་མོང་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་གསར་པའི་ནང་དུ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དེ་ལག་བསྟར་བྱེད་རྒྱུ་དང་། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་བརྗེ་རེས་གཏིང་ཟབ་དང་། བསམ་འཆར་ལེགས་པར་འདོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་ཆེད་དུ། བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་སྔར་ལས་ལྷག་པའི་སྒོ་ནས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མཉམ་དུ་འབད་འཐབ་བྱེད་དགོས། ང་ཚོས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། དམངས་ཀྱི་སེམས་པ་གཅིག་མཐུན་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད། མི་མང་མཉམ་རུབ་བཅས་བྱས་ཏེ། སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་གསུངས།
ཇ་སྟོན་ཚོགས་འདུར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མགོ་འཛིན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་འཐབ་ཇུས་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་ཏེ་གྲོས་མོལ་སྲིད་གླེང་ནུས་ལྡན་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམ་པ་དོན་གཉེར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་འབད་པས་བཞག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་བསྟན།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་གིས་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ཏེ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་སྲིད་ཏང་གི་ལམ་ལུགས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་དེ་འཕེལ་རྒྱས་ཡག་པོ་གཏོང་བ། སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་གང་མང་འབུལ་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་བྱེད་པས་ལྟད་མོ་ངོ་མཚར་ཅན་འཁྲབ་སྟོན་བྱས།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་པ་རྣམས་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།