ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ལོ་མཇུག་ཏུ་ཙུང་ཐུང་ཕུའུ་ཅིན་དང་བརྙན་ལམ་ནས་ཐུག་འཕྲད་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ལ། འདི་ནི་ང་ཚོའི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་གྱུར་ཡོད། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་འཐུས་ཚང་དང་སྲ་བརྟན་དུ་གྱུར་པ་དང་། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་ནང་གནས་སྒུལ་ཤུགས་དང་དམིགས་བསལ་རིན་ཐང་སྔར་ལས་མངོན་གསལ་ཅན་དུ་སོང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་དུ། ཀྲུང་ཨུ་ཕྱོགས་གཉིས་ཀའི་ཉོ་ཚོང་བསྡོམས་འབོར་གྱིས་སླར་ཡང་ཟིན་ཐོ་གསར་པ་བསྐྲུན་པ་དང་། དངུལ་གཏོང་མཉམ་ལས་ལེགས་གཏོང་དང་ལེགས་སྒྲིག་བྱས་ལ། ནུས་ཁུངས་མཉམ་ལས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་བྱས་པར་མ་ཟད། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་བརྟན་པོའི་ངང་ལག་བསྟར་བྱས་ཡོད། ས་གནས་ཀྱི་མཉམ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་ཆོས་རིག་གནས་བརྗེ་རེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ལ། ལུས་རྩལ་བརྗེ་རེས་ལོའི་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཕྱོགས་གཉིས་ཀའི་མཛའ་མཐུན་གྱི་སྤྱི་ཚོགས་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད། ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་མདུན་དུ། ཀྲུང་ཨུ་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་རྒྱུན་འཁྱོངས་དང་ཕན་ཚུན་ཟླ་གྲོགས་སུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་གང་ལེགས་བསྐྲུན་པ་བཅས་བྱས་ནས། འཛམ་གླིང་ལ་སྔར་ལས་མང་བའི་བརྟན་ལྷིང་རང་བཞིན་སྣོན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ད་ཡོད་ཀྱི་བྱ་བའི་ལམ་སྲོལ་དང་འབྲེལ་མཐུད་ཐབས་ལམ་མུ་མཐུད་བེད་སྤྱོད་ཡག་པོ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་རྩ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་འཕེལ་རྒྱས་ལེགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འགག་སྒོ་སོགས་ཕན་ཚུན་སྦྲེལ་མཐུད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ནུས་ཁུངས་དང་ནུས་ཁུངས་གསར་པའི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕྱོགས་གཉིས་ཀས་སྲོལ་རྒྱུན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས། མི་ཆོས་རིག་གནས་བརྗེ་རེས་མུ་མཐུད་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཨུའི་ལུས་རྩལ་བརྗེ་རེས་ལོ་ཡག་པོ་གཉེར་ནས། རྒྱལ་ཁབ་གཉིས་ཀའི་མི་ཆོས་རིག་གནས་མཉམ་ལས་ཀྱི་སྤུས་རྟགས་གསར་པ་བསྐྲུན་དགོས། ཉེ་ལམ། ཀྲུང་གོས་རིམས་ནད་ཀྱི་འགྱུར་ལྡོག་གཞིར་བཟུང་ནས། དུས་བབ་དང་བསྟུན་ནས་འགོག་སྡོམ་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། བྱ་བའི་གཙོ་གནད་དེ་བདེ་ཐང་ལ་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག་བྱེད་པའི་ཐད་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་བཅས་པའི་རྒྱལ་ཁབ་ཁག་དང་གོ་རིམ་ལྡན་པའི་ངང་མི་སྣའི་འགྲོ་འོང་སླར་གསོ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ཕུའུ་ཅིན་གྱིས་ཨུ་རུ་སི་ཕྱོགས་ཀྱིས་ཐའེ་ཝན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་འབྲེལ་གཏུག་དམ་ཟབ་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད། ཀྲུང་གོས་རིམས་ནད་འགོག་སྡོམ་བྱེད་པའི་སྲིད་ཇུས་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག་ཏུ། རྒྱལ་ཁབ་གཉིས་ཀའི་མི་སྣའི་བར་འགྲོ་འོང་དང་མི་ཆོས་རིག་གནས་བརྗེ་རེས་ལ་མུ་མཐུད་ཤུགས་སྣོན་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་འཛིན་བཞིན་པར་ཨུ་རུ་སི་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ལས་དོན་བསྒྲུབས་པར་ཚད་མཐོའི་གདེང་འཇོག་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་གར་སྟེགས་སྟེང་ནས་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན།
ཝང་དབྱི་དང་ཧི་ལིས་ཧྥུན་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།