ལིས་ཁི་ཆང་གིས་ནེ་པ་ལའི་གསར་བསྐོས་ཙུང་ལི་ཕུའུ་ལཱ་ཁྲང་ཏ་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2022.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 101

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཕུའུ་ལཱ་ཁྲང་ཏ་ལ་གློག་འཕྲིན་བཏང་ནས། ཁོས་ནེ་པ་ལའི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འདབས་འབྲེལ་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱིན་ཡོད་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རོགས་རེས་བྱེད་ཀྱིན་ཡོད། ཉེ་བའི་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་མ་ཟད། རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་ལ་བདེ་སྐྱིད་བསྐྲུན་ཡོད། ངས་ཙུང་ལི་ཕུའུ་ལཱ་ཁྲང་ཏ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། མི་རབས་ནས་མི་རབས་བར་བརྒྱུད་པའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།