མཚོ་སྔོན་གྱིས་དུས་ཆེན་གཉིས་སྐབས་ཀྱི་འཚོ་བའི་མཁོ་རྫས་ཀྱི་བརྟན་འཇགས་དང་འདང་ཚིམ་པ་ཡོང་བར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས།
2023.01.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་འགན་སྲུང་བྱ་བ་བཟང་པོར་སྒྲུབ་ཆེན། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་མཁོ་འདོན་འགན་སྲུང་ཁེ་ལས་གཙོ་བོར་མཁོ་རྫས་རྩ་འཛུགས་དང་དབོར་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཁོ་འདོན་གྱི་ཐབས་ལམ་དང་བྱེད་ཐབས་ལེགས་སྒྱུར་བྱེད་པ། སྤུས་ཚད་ལ་ཁག་ཐེག་དང་མཁོ་རྫས་སྣ་མང་བསལ་འདེམ་བྱེད་པར་ཤུགས་བསྣན་ནས། དུས་ཆེན་གཉིས་སྐབས་ཀྱི་འཚོ་བའི་མཁོ་རྫས་ཀྱི་མཁོ་འདོན་བརྟན་འཇགས་དང་འདང་ཚིམ་པ་ཡོང་བར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

དུས་ཆེན་གཉིས་སྐབས་ཀྱི་འཚོ་བའི་མཁོ་རྫས་འདང་ཚིམ་པ་དང་ཕུན་སུམ་ཚོགས་པ། སྤུས་ཚད་ལེགས་པ། རིན་གོང་བརྟན་པ་བཅས་ཡོང་བར་ཁག་ཐེག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་བསྐོང་ཆེད། ཞིང་ཆེན་ཚོང་དོན་ཐིན་གྱིས་སྔ་གཞུག་ཏུ་ཞིབ་འདྲི་དང་བཞུགས་མོལ་བརྗེ་རེས། ཡིག་ཆ་བརྒྱུད་སྟེར་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་དུས་ཆེན་གཉིས་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་འགན་སྲུང་བྱ་བ་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་བསྟུད་མར་ཇེ་ཆེར་འགྲོ་བའི་ཁྱད་ཆོས་ལ་དམིགས་ཏེ། མཁོ་རྫས་རྩ་འཛུགས་དང་དབོར་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཐོན་འཚོང་སྦྲེལ་མཐུད་ལ་ཤུགས་བསྣན་པ་དང་མཉམ་དུ། ཚོང་རྫས་གསོག་ཚད་འོས་འཚམ་གྱིས་ཇེ་མང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འབྲས་དང་ཕྱེ། འབྲུ་རིགས། སྣུམ། ཤ  སྔོ་ཚལ། སྒོ་ང་། འོ་མ་སོགས་འཚོ་བའི་མཁོ་རྫས་གལ་ཆེན་གྱི་མཁོ་འདོན་འདང་ཚིམ་པ་ཡོང་བར་ཁག་ཐེག་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ནང་ཁུལ་གྱི་རྨང་གཞིའི་འབྲུ་སྣུམ་སྡེབས་འཚོང་ཁྲོམ་ར་ཆེན་པོ་གསུམ་དུ་འབྲས་དང་ཕྱེ། སྣུམ་བཅས་གསོག་འཇོག་འདང་ཚད་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་མཁོ་འདོན་འགན་སྲུང་ཁེ་ལས་གཙོ་བོ་དང་འབྲུ་སྣུམ་སྡེབས་འཚོང་ཁྲོམ་ར་གཙོ་བོ་རུ་འབྲས་ཉར་གསོག་བྱས་ཚད་ཏུན་ལྔ་སྟོང་ལྔ་བརྒྱ་གོ་བཞི་ལྷག་དང་། ཕྱེ་ཉར་གསོག་བྱས་ཚད་ཏུན་བཞི་སྟོང་ཆིག་བརྒྱ་གྱ་གཉིས་ལྷག བཟའ་སྣུམ་གསོག་ཉར་བྱས་ཚད་ཏུན་ཆིག་སྟོང་བཞི་བརྒྱ་གྱ་གསུམ་ལྷག་བཅས་ལ་སླེབས་ཡོད། མདོ་དབུས་མཐོ་སྒང་ཞིང་ཞོར་བགོ་འགྲེམ་ལྟེ་གནས་ཀྱིས་སི་ཁྲོན་དང་ཡུན་ནན། ཧི་ནན། ཧི་པེ། ཧྲན་ཞི། ཀན་སུའུ། ཧྲན་ཏུང་སོགས་ས་ཁུལ་མང་བོ་ནས་སྔོ་ཚལ་དང་སྒོ་ང་དབོར་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་ལ། ཉིན་རེར་སྔོ་ཚལ་དབོར་འདྲེན་བྱེད་ཚད་ཏུན་ཆིག་སྟོང་ཉིས་བརྒྱ་ལྷག་དང་། སྒོ་ང་དབོར་འདྲེན་བྱེད་ཚད་ཏུན་བརྒྱ་དང་སུམ་ཅུ་ལྷག སིལ་ཏོག་དབོར་འདྲེན་བྱེད་ཚད་ཏུན་བདུན་བརྒྱ་ལྷག་བཅས་ལ་སླེབས། ཤ་ཡི་རིགས་ཀྱང་འདང་ཚད་ཅིག་གསོག་འཇོག་བྱས་ཡོད།

མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་འཚོ་བའི་མཁོ་རྫས་བརྒྱུད་འདྲེན་བྱ་བ་རྒྱུན་ལྡན་ཡིན་པ་དང་། མཁོ་རྫས་སྐྱེལ་ཚད་མགྱོགས་ཤིང་ཕན་ནུས་ལྡན། ཞིང་ཆེན་ནང་ཁུལ་གྱི་མཁོ་འདོན་འགན་སྲུང་ཁེ་ལས་གཙོ་བོས་སྲིད་གཞུང་ལ་གཞོགས་འདེགས་ལེགས་པོ་བྱས་ཏེ། བྱེད་ཐབས་མི་འདྲ་བ་སྤྱད་ནས་འཁོར་རྒྱུག་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བཞིན་པ་དང་ཁྲོམ་རའི་མཁོ་འདོན་ཕུན་སུམ་ཚོགས།