བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་པ་བཀོད།
2023.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ཏེ་ཁ་ཡིག་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འཁེལ་བྱས་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་པ་བཀོད།

གསུང་བཤད་ལས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྟེང་དུ། སྐབས་གསར་པའི་ཀྲུང་དབྱང་གི་མགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བའི་ལས་འགན་ཡོངས་འགྲུབ་བྱས། ཏང་དང་མི་དམངས་ཀྱི་རེ་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

གསུང་བཤད་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་སྐྱོད་ལམ་གསར་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན།  དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གཅིག་སྡུད། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད།

གསུང་བཤད་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་ལས་དོན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། སྐབས་བརྗེའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཟུང་འབྲེལ་བྱས་ནས། མིག་སྔའི་ལས་དོན་ཁག་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ལེགས་པར་བསྒྲུབས་ནས། མི་སེམས་བརྟན་པོ་དང་ལས་ཀ་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།