རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ།
2023.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 347

ལུགས་གསར་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འབྲེལ་དྲ་བརྒྱུད་དེ། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ

ལུགས་གསར་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འབྲེལ་དྲ་བརྒྱུད་དེ། ཉིས་སྟོང་ཉེར་གསུམ་ལོའི་ལུགས་གསར་ལོ་སར་ལ་ཤིས་ཚིག་ཕུལ།  ནང་དོན་ཆ་ཚང་གཤམ་གསལ་ལྟར།

ཚང་མ་སྐུ་ཁམས་བཟང་། ཉིས་སྟོང་ཉེར་གསུམ་ལོ་སླེབས་ལ་ཉེ་བའི་སྐབས་འདིར། ངས་པེ་ཅིན་ནས་ཚང་མར་ལོ་སར་གྱི་སྨོན་འདུན་ཞུས་པ་ཡིན།

ཉིས་སྟོང་ཉེར་གཉིས་ལོར་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་པ་དང་། སྐྱོད་ལམ་གསར་པར་འབད་པས་བསྐྱོད་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད།

རང་རྒྱལ་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པའི་གོ་གནས་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཞིང་། ལོ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་བརྒྱ་དང་ཉི་ཤུ་ལས་བརྒལ་ཡོད། འཛམ་གླིང་གི་འབྲུ་རིགས་ཉམས་ཉེན་གྱི་མདུན་དུ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད“ལོ་བཅུ་དགུར་བསྟུད་མར་འཕར”ནས། ཀྲུང་གོ་བའི་ཟས་ཕོར་རང་གི་ལག་ཏུ་བཟུང་བ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲལ་འཕྲི་རིན་གཅོག་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ཀྱི་དཀའ་སེལ་བ་དང་། མི་དམངས་མང་ཚོགས་ཀྱིས་རེ་སྒུག་དང་སེམས་ཁྲལ་བྱེད་པའི་གནད་དོན་ཧུར་ཐག་གིས་ཐག་བཅད་ཡོད།

རིམས་ནད་བྱུང་བ་ནས་བཟུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནས་བབ་ཇེ་ལེགས་སུ་བཏང་བ་དང་། འགོག་སྡོམ་གྱི་བྱེད་ཐབས་ལེགས་སྒྲིག་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོབ་བྱས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྤྱི་དང་ཁྱད་པར་དུ་སྨན་བཅོས་མི་སྣ་དང་གཞི་རིམ་གྱི་ལས་སྒྲུབ་མི་སྣས་དཀའ་ངལ་ལ་མ་འཛེམས་པར། བློ་རྩ་བརྟན་པོའི་ངང་ལས་གནས་བརྟན་སྲུང་བྱས། དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་པར་བརྟེན། གཞི་ནས་ང་ཚོ་སྔར་བྱུང་མ་མྱོང་བའི་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་ཡོད་པས། མི་རེ་རེས་དཀའ་ངལ་ཚད་མེད་མྱངས་ཡོད། མིག་སྔར། རིམས་ནད་འགོག་སྡོམ་བྱེད་རྒྱུ་དེ་དུས་རིམ་གསར་པར་སླེབས་ནའང་སྔར་བཞིན་ཤུགས་ཆེན་པོ་སྣོན་དགོས་པའི་དུས་སྐབས་ཡིན་པས། ཚང་མས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ན་རེ་བའི་སྐྱ་རེངས་འཆར་བར་རྒྱང་ཐག་མི་རིང་། ཚང་མས་སྔར་ལས་འབད་འབུངས་ལྷོད་མེད་བྱེད་དགོས། རྒྱུན་འཁྱོངས་དང་མཐུན་སྒྲིལ་ནི་རྒྱལ་ཁ་ཡིན།

ཉིས་སྟོང་ཉེར་གཉིས་ལོར་བློ་མཐུན་ཅང་ཙེ་མེན་ང་ཚོ་དང་གཏན་དུ་ཁ་བྲལ་བ་རེད། ང་ཚོས་ཁོང་གི་མཛད་རྗེས་རླབས་ཆེན་དང་བླ་ན་མེད་པའི་གཤིས་བཟང་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་། ཁོང་གིས་བཞག་པའི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་ཀྱིན་ཡོད། ང་ཚོས་ཁོང་གི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཟིལ་རླབས་དགུང་དུ་འཕྱུར་ཏེ། མི་རབས་ནས་མི་རབས་བར་གྱི་འབད་འཐབ་ལྷོད་མེད་ལས་དེ་རིང་གི་ཀྲུང་གོ་གྲུབ་པ་ཡིན།

དེ་རིང་གི་ཀྲུང་གོ་ནི་ཕུགས་འདུན་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བྱེད་པའི་ཀྲུང་གོ་ཞིག་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་ཏེ། གངས་འཁྱགས་ལུས་རྩལ་པ་འགྲན་རར་བསྐྱོད་པར་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། ལྷ་གྲུ་ཨང་བཅུ་གསུམ་པ་དང་བཅུ་བཞི་པ། བཅོ་ལྔ་པ་བཅས་གཅིག་རྗེས་གཉིས་མཐུད་ངང་བར་སྣང་དུ་བཏང་ཞིང་། ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། ང་ཚོའི“བར་སྣང་གི་ཁྱིམ་ཚང”གིས་མཁའ་དབྱིངས་ཁྱབ་ཡོད། མི་དམངས་དམག་དཔུང་བཙུགས་ནས་ལོ་གོ་ལྔ་འཁོར་བར་བསུ་མ་བྱས་ཏེ། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་དུ་དཔའ་སྐྱེད་མདུན་སྐྱོད་བྱས་ཡོད།  “ཧྥུའུ་ཅན་རྟགས་ཅན”གྱི་མ་གྲུ་ཨང་གསུམ་པ་དངོས་སུ་བཀོལ་བ་དང་། C919རྟགས་ཅན་གྱི་གནམ་གྲུ་ཆེ་ཤོས་ཐོག་མ་དངོས་སུ་བཀོལ་རྒྱུར་རྩིས་སྤྲད་པ། པའེ་ཧི་ཐན་ཆུ་གློག་ས་ཚིགས་དངོས་སུ་སྤྱོད་མགོ་བརྩམས་པ་སོགས་ལས་དོན་དེ་དག་གི་ཁྲོད་དུ་མི་གྲངས་ལས་འདས་པའི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་འདུས་ཡོད། མེ་སྟག་ཆུང་ཆུང་མང་པོ་གཞི་གཅིག་ཏུ་འདུས་པ་ལས་མེ་ལྕེ་གྲུབ་པ་ཡིན་ལ། དེ་ནི་ཀྲུང་གོའི་སྟོབས་ཤུགས་ཀྱང་ཡིན།

དེ་རིང་གི་ཀྲུང་གོ་ནི་གསོན་ཤུགས་ཀྱིས་བརྟས་པའི་ཀྲུང་གོ་ཞིག་ཡིན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སོ་སོ་དང་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དབྱར་མཚོ་རྒྱས་པ་ལྟར་དར་བཞིན་ཡོད་ཅིང་། མཚོ་རྒྱུད་ས་ཁུལ་གྱིས་ཧུར་ཐག་གིས་གསར་གཏོད་བྱེད་བཞིན་ཡོད་ལ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་སོང་བ་དང་། བྱང་ཤར་དར་རྒྱས་ལ་སྐྱེ་སྟོབས་ལྡན་ཞིང་། མཐའ་མཚམས་ས་ཁུལ་དུ་མཐའ་དར་དམངས་ཕྱུག་གི་གནས་བབ་བཟང་བོ་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཆེ་ལ། གསོན་ཤུགས་ཆེ་བས། དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་གནས་ཚུལ་ལ་སྔར་བཞིན་འགྱུར་ལྡོག་བྱུང་མེད། ཡིད་ཆེས་བརྟན་པོའི་ངང་ནས་ཡར་རྒྱས་བརྩོན་ལེན་བྱས་ན། ང་ཚོའི་གཏན་འབེབས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན། ད་ལོ་ང་ཞང་ཀང་ལ་སོང་ནས་ཞང་ཀང་གི་ཟིང་ཟིང་གནས་བབ་བཅོས་སྐྱོང་བྱས་ནས་དར་རྒྱས་སུ་ཕྱིན་པའི་རྣམ་པ་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དོན་འཁྱོལ་ཡག་པོ་བྱས་ན། ཞང་ཀང་དང་ཨོ་མིན་གཞི་ནས་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་ངེས་ཡིན།

དེ་རིང་གི་ཀྲུང་གོ་ནི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོ་ཞིག་ཡིན། ཉིས་སྟོང་ཉེར་གཉིས་ལོར་ས་ཡོམ་དང་ཆུ་ལོག ཐན་སྐྱོན། མེ་དགྲ་སོགས་རང་བྱུང་གནོད་འཚེ་དང་བདེ་འཇགས་ཀྱི་དོན་རྐྱེན་ཁག་གཅིག་བྱུང་ནས། མི་རྣམས་ལ་སེམས་ཁྲལ་དང་སེམས་སྡུག་ཆེན་པོ་བཟོས་ཡོད་ནའང་། བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་བ་དང་སོ་སྲུང་རོགས་རེས་བྱེད་པའི་རྣམ་པ་དེ་མི་སེམས་འགུལ་བ་ཞིག་ཡིན་ལ། དཔའ་བོའི་མཛད་རྗེས་དུས་ནམ་ཡང་ང་ཚོའི་སྙིང་དབུས་སུ་གནས་ཡོད། ལོ་རྙིང་ཕར་སྐྱེལ་ནས་ལོ་གསར་ཚུར་བསུ་བའི་དུས་འདིར། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་བརྗིད་ཆེའི་བློ་སྟོབས་ལ་བརྟེན་ནས་མདུན་སྐྱོད་ཀྱི་ཡིད་ཆེས་སྔར་ལས་འཕེལ་བར་བྱེད།

དེ་རིང་གི་ཀྲུང་གོ་ནི་འཛམ་གླིང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཀྲུང་གོ་ཞིག་ཡིན། ཉིས་སྟོང་ཉེར་གཉིས་ལོར་ངས་པེ་ཅིང་དུ་གྲོགས་པོ་རྙིང་པ་མི་ཉུང་བ་ཞིག་ལ་བསུ་བ་ཞུས་ཡོད་ལ། ཕྱི་རྒྱལ་དུའང་སོང་ནས་ཀྲུང་གོའི་འདོད་ཚུལ་གླེང་ཡོད། ལོ་བརྒྱའི་འགྱུར་ལྡོག་གིས་འཛམ་གླིང་གི་ཞི་བདེ་ལ་འགལ་རྐྱེན་བཟོས་ནའང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་གཅེས་སྤྲས་བྱེད་པ་དང་། གྲོགས་པོ་དང་ཟླ་གྲོགས་ལ་གཅེས་སྤྲས་མཐའ་གཅིག་ཏུ་བྱས་ནས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་གྱི་ཆེད་དུ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས་ང་དང་ལས་གྲོགས་ཚོ་མཉམ་དུ་ཡན་ཨན་ལ་སོང་ནས། ཏང་ཀྲུང་དབྱང་གིས་ཡན་ཨན་གྱི་དུས་སྐབས་སུ་འཛམ་གླིང་སྟེང་མཐོང་དཀོན་པའི་དཀའ་ཚེགས་ལས་རྣམ་པར་རྒྱལ་བར་བྱས་པའི་འོད་སྟོང་འབར་བའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། གུང་ཁྲན་ཏང་ཡོན་རྒན་རབས་པ་རྣམས་ཀྱི་བསམ་པའི་སྟོབས་ཤུགས་ཉམས་སུ་མྱངས། ངས་དུས་རྒྱུན་དཀའ་ཚེགས་ཀྱི་ཁྲོད་དུ་གཞི་ནས་སྙིང་སྟོབས་ལ་ཞུན་བརྡར་ཆོད་ཐུབ་ཅེས་བཤད་མྱོང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་དྲག་ཆར་རླུང་འཚུབ་བརྒྱུད་ཅིང་ཀྱག་ཀྱོག་གི་ལམ་བུ་བརྒལ་བའི་བརྒྱུད་རིམ་ནི་ཅི་འདྲའི་དཀའ་ཚེགས་ཆེ་ལ་རླབས་ཆེ་བ་ཞིག་རེད་ཨང་། ང་ཚོས་ཞུམ་མེད་མདུན་སྐྱོད་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། འབྱུང་འགྱུར་གྱི་ཀྲུང་གོ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས།

སང་ཉིན་གྱི་ཀྲུང་གོས་འབད་བརྩོན་ལ་བརྟེན་ནས་བྱས་རྗེས་ངོ་མཚར་ཅན་བསྐྲུན་དགོས། སུའུ་ཧྲི་ཡིས་ལས་ཀ་དཀའ་བ་དེ་སྒྲུབ། དམིགས་འབེན་རིང་བ་དེར་སྙེག་ཅེས་གསུངས། དེའི་གོ་དོན་ནི་དཀའ་གནད་ཆེ་སར་མཁྲེགས་གཏོར་དང་རྒྱང་རིང་གི་དམིགས་འབེན་དོན་གཉེར་བྱེད་དགོས་ཞེས་པ་དེ་ཡིན།  ལམ་ཐག་རིང་ཡང་སྐྱོད་ན་སླེབས། དཀའ་ཚེགས་ཆེ་ཡང་བསྒྲུབས་ན་འགྲུབ།  ཡུས་ཀུང་གིས་རི་བོ་སྤོས་པའི་བློ་སྟོབས་དང་ཆུ་ཡིས་རྡོ་ལ་ཨི་ཁུང་བཏོད་པའི་སྙིང་རུས་ལ་བརྟེན་ནས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བྱས་པ་ཡིན་ན། ལེ་བར་སྟོང་ཕྲག་ནི་གོམ་པ་རེ་རེ་བཞིན་སྤོས་ནས་སླེབས་ཐུབ་པ་བཞིན། བརྗིད་ཉམས་ཆེ་བའི་དམིགས་འབེན་མཐའ་དག་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན།

སང་ཉིན་གྱི་ཀྲུང་གོའི་སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་ཞིག་ཡིན། ཀྲུང་གོ་འདི་འདྲའི་ཆེན་པོ་ཞིག་ཡིན་པས། མི་མི་འདྲ་བར་རེ་བ་མི་འདྲ་བ་ཡོད་སྲིད་ལ། དོན་དག་གཅིག་ལ་ཡང་ལྟ་ཚུལ་མི་འདྲ་བ་ཡོད་སྲིད། འདི་ནི་རྒྱུན་ལྡན་ཡིན་པས། འབྲེལ་འདྲིས་དང་གྲོས་མོལ་བརྒྱུད་དེ་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས། ཀྲུང་གོའི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་གིས་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། སྟོབས་ཤུགས་ཕྱོགས་གཅིག་ལ་བཀོལ་བའི་ངོས་ནས། ཕྱར་བ་གྲུ་འདེགས་དང་དམངས་སེམས་གཅིག་སྒྲིལ་བྱས་ན། འགྲུབ་མི་ཐུབ་པའི་བྱ་བ་མེད། མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། མཉམ་དུ་ཀྲུང་ཧྭ་མི་རིགས་ལ་ཇི་སྲིད་བར་གྱི་ཕན་བདེ་བསྐྲུན་རྒྱུའི་རེ་བ་སྙིང་ནས་ཞུས་པ་ཡིན།

སང་ཉིན་གྱི་ཀྲུང་གོའི་རེ་བ་གཞོན་ནུ་རྣམས་ལ་བཅོལ་ཡོད།  གཞོན་ནུ་དར་ན་རྒྱལ་ཁབ་དར་ཐུབ། ཀྲུང་གོའི་འཕེལ་རྒྱས་ནི་རྒྱ་ཆེའི་གཞོན་ནུ་ཚོར་བརྟེན་དགོས་ལ་འགན་འཁྲི་ཡང་འཁུར་དགོས། གཞོན་ནུའི་སྐྱེ་སྟོབས་རབ་ཏུ་འབར་ཞིང་ལང་ཚོར་རེ་བའི་ས་བོན་སྦྲུམ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཁྱིམ་གཞིས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ་དང་། ཡར་རྒྱས་བརྩོན་ལེན་གྱི་སྤྱོད་བཟང་རྒྱུད་ལ་འཇགས་པར་བྱེད་པ། འབད་འཐབ་ཀྱི་རྣམ་འགྱུར་ལ་བརྟེན་ནས་ལང་ཚོའི་དཔལ་འབར་བར་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།

དུས་འདི་དང་མཚམས་འདིར། མི་མང་པོ་ཞིག་གིས་ད་རུང་དཀའ་ངལ་ཆེན་པོས་ལས་ལ་འབད་བཞིན་ཡོད། ཚང་མས་དཀའ་ལས་མྱངས་སོང་། གནམ་ལོ་གསར་ཚེས་ཀྱི་ཉི་གཞོན་འཆར་ལ་ཉེ། ང་ཚོས་འབྱུང་འགྱུར་ལ་རེ་སྨོན་བཟང་བོ་བཅངས་ནས་ཉིས་སྟོང་ཉེར་གསུམ་ལོའི་ཉི་ཟེར་དང་པོ་མཉམ་དུ་བསུ།

མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བའི་སྨོན་འདུན་ཞུས་པ་ཡིན། འཛམ་གླིང་ཞི་བདེ་དང་མཛེས་སྡུག་ལྡན་པ་དང་། བདེ་སྐྱིད་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུས་པ་ཡིན། ཚང་མ་ལོ་སར་ལ་དགའ་དགའ་སྤྲོ་སྤྲོ་ཡོང་བ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུས་པ་ཡིན།

ཐུགས་རྗེ་ཆེ།

བན་དེ་སྐྱབས་ཀྱིས་བསྒྱུར།