ཞི་ཅིན་ཕིང་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་སོ་སོར་ཨན་ཐིས་ཀྭ་དང་པ་པུའུ་ཏ་ཡི་སྤྱི་ཁྱབ་ཝེ་ལེན་ཟི་དང་ཙུང་ལི་པུའུ་ལང་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།
2023.01.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 72

ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཐིས་ཀྭ་དང་པ་པུའུ་ཏ་ཡི་སྤྱི་ཁྱབ་ཝེ་ལེན་ཟི་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཨན་པ་ནི་ཅ་ལེ་པིའི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཀྲུང་ཨན་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་གང་ལེགས་་བྱུང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་པ་བཅས་མངོན་འགྱུར་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་རེས་དང་ཕྱར་བ་གྲུ་འདེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ངས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། སྤྱི་ཁྱབ་ཝེ་ལེན་ཟི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བ་མགོ་རྩོམ་ས་གསར་པར་བརྩིས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས། ཀྲུང་ཨན་རྒྱལ་ཁབ་གཉིས་ཀའི་འབྲེལ་ཡི་མཛེས་པའི་འབྱུང་འགྱུར་བསྐྲུན་འདོད་ཡོད་ཅེས་གསུངས།

ཝེ་ལེན་ཟི་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་ནི། ཨན་ཀྲུང་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་ཡག་ཏུ་སོང་ཡོད། ཨན་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བཟང་པོར་མུ་མཐུད་སྲུང་སྐྱོབ་དང་དེར་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨན་ཐིས་ཀྭ་དང་པ་པུའུ་ཏ་ཡི་ཙུང་ལི་པུའུ་ལང་རྣམ་གཉིས་ཀྱིས་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་བཏང་།  ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨན་པ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་བསྟན།

པུའུ་ལང་གིས་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀའི་བར་གྱི་འབྲེལ་བ་ཉིན་བཞིན་འཐུས་ཚང་དུ་སོང་ཡོད། ཨན་པ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་པ་རྒྱལ་ཁབ་ལ་རོགས་རམ་བྱས་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་རྗེས་མའི་དུས་རབས་ནང་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།