ཞི་ཅིན་ཕིང་གིས་ལུའུ་ལཱ་ཡིས་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་འཁུར་བར་རྟེན་འབྲེལ་ཞུས།
2023.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 141

ཟླ་དང་པོའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་དབྱི་ཟི·ཡུས་ནཱ་ཞི་ཨའོ·ལུའུ་ལཱ·ཏཱ་ཞི་ཨར་ཝ་ལ་འཕྲིན་ཡིག་བསྐུར་ནས། ཁོས་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་པ་ཞི་ནི་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཡོད་པའི་ཆ་ནས་རྒྱལ་ཁབ་གཉིས་ཀའི་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན་པ་དང་། ཐུན་མོང་འཕེལ་རྒྱས་ཀྱི་འགན་འཁྲི་ཁུར་ཡོད། ཀྲུང་གོ་དང་པ་ཞི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་བརྒྱད་འཁོར་བའི་རིང་ལ། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་དང་། ཉིན་རེ་བཞིན་འཐུས་ཚང་དུ་སོང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བསྐྲུན་ཏེ། ནང་སྙིང་འཛོམས་པོ་དང་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ངས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་ཁྱོད་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་བྱེད་པ། ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།