ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ནས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་བར་དུ། པ་ཞི་སྲིད་གཞུང་གི་གདན་དྲངས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་པ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་པ་ཞི་ལིས་ཡ་རུ། པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པ་ལུའུ་ལཱ་ཡི་འགན་བཞེས་མཛད་སྒོར་ཞུགས་ཏེ་ཙུང་ཐུང་ལ་ཐུག་འཕྲད་བྱས།
ཝང་ཆི་ཧྲན་གྱིས་ལུའུ་ལཱ་དང་ཐུག་འཕྲད་བྱེད་སྐབས་ཙུང་ཐུང་ལུའུ་ལཱ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་གནང་བར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལཱ་ཡིས་ཡང་བསྐྱར་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་དང་། ཀྲུང་གོར་འཚམས་འདྲིར་ཕེབས་པའི་གདན་ཞུ་བཅས་བརྒྱུད་སྒྲོག་བྱས། ཝང་ཆི་ཧྲན་གྱིས་བསྟན་དོན། ཙུང་ཐུང་སྐུ་ཞབས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པས། ཁྱོད་ཀྱིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཉེ་ལམ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀས་རྒྱལ་ནང་གི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་སྔ་རྗེས་སུ་ཡོངས་འགྲུབ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ལ། པ་ཞི་ཕྱོགས་ཀྱིས་ཀྱང་སྲིད་གཞུང་གི་སྐབས་བརྗེ་ཡོངས་འགྲུབ་བྱས། སོ་སོས་སྐྱོད་ལམ་གསར་པའི་སྟེང་དུ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་དང་ཀྲུང་གོ་གུང་ཁྲན་ཏང་དང་པ་ཞི་ངལ་རྩོལ་བཟོ་པའི་ཏང་བར་མུ་མཐུད་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་མཛེས་སྡུག་ལྡན་པའི་ཕྱོགས་སུ་འཕེལ་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
ཝང་ཆི་ཧྲན་གྱིས་རྒྱལ་ཁབ་གཉིས་ཀའི་མ་འོངས་པའི་འཕེལ་རྒྱས་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་ཕྱོགས་གཉིས་ཀས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱུ་དང་། ཕྱི་འབྲེལ་དང་གྲོས་ཚོགས། ཁྲིམས་འཛིན། དམག་དཔུང་། ས་གནས་སོགས་ཁྱབ་ཁོངས་ཁག་གི་འགྲོ་འོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གཉིས་ནས་དཔལ་འབྱོར་ཉོ་ཚོང་གི་དངོས་གཉེར་མཉམ་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཁྱད་པར་དུ་ཚན་རྩལ་གསར་གཏོད་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ཕྱོགས་མང་གི་འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་ངོ་མ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། བཞི་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁྱོན་ཡོངས་མཉམ་ལས་ལ་ཤུགས་སྣོན་དགོས་པ་བཅས་ཡིན།
ལུའུ་ལཱ་ཡིས་ཝང་ཆི་ཧྲན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པར་མ་ཟད། ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཁོའི་འགན་བཞེས་མཛད་སྒོར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ལུའུ་ལཱ་ཡིས་བསྟན་དོན། པ་ཞི་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་ལྷན་དུ་འཐབ་ཇུས་རང་བཞིན་དང་ཡུན་ཕན་རང་བཞིན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ངས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་རེ་ལྟོས་བྱེད་ཀྱིན་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།