ཟླ་དང་པོའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁི་ཟི་ལ་ཐུག་འཕྲད་བྱས།
ལིས་ཁི་ཆང་གིས་བསྟན་དོན། ཙུང་ཐུང་སྐུ་ཞབས་ལོ་གསར་པའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པ་འདིའི་སྟེང་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གྲུབ་འབྲས་བཟང་པོ་ཐོབ་པ་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ང་ཚོས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་ཀྱི་དགོངས་དོན་དང་དམ་པོར་འབྲེལ་དེ། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བཅས་བྱས་ནས། ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད།
ལིས་ཁི་ཆང་གིས་བསྟན་དོན། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་དེ་ཀྲུང་གོ་དང་ཧྥི་ལི་ཕིན་ཚུད་པའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་། “ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”གྲོས་མོལ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཕན་ཚུན་གྲོས་མོལ་བྱས་པ་བརྒྱུད་རྩོད་གཞི་ཐག་གཅོད་བྱས་ནས། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
མཱ་ཁི་ཟི་ཡིས་བསྟན་དོན། ཧྥི་ལི་ཕིན་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་ཀ་དང་ཡང་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་རོགས་རེས་འབྲེལ་བ་ནུས་ལྡན་ཞིག་བསྐྲུན་ནས། འབྲེལ་གཏུག་ལ་ཤུགས་སྣོན་པ་དང་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཁྱོན་ཡོངས་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
ཝང་དབྱི་དང་ཧི་ལིས་ཧྥུན་སོགས་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།