ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁི་ཟི་ལ་མཇལ་འཕྲད་གནང་།
2023.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁི་ཟི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མཱ་ཁི་ཟི་ཡིས་ཧྥི་ལི་ཕིན་གྱི་ཙུང་ཐུང་གི་འགན་འཁུར་རྗེས་ཀྲུང་གོར་ཐོག་དང་པོར་འཚམས་འདྲི་བྱས་པར་དགའ་བསུ་ཞུས་ཏེ་བསྟན་དོན། ཁྱེད་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་གཞན་དག་ལ་དངོས་སུ་འཚམས་འདྲི་བྱེད་ཐེངས་ཐོག་མ་ཡིན་ལ། ཁྱེད་ཀྱང་ད་ལོར་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་ཐོག་མ་དེ་ཡིན། གནད་འདིའི་སྟེང་ནས་ཀྲུང་གོ་དང་ཧྥི་ལི་ཕིན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བའི་ཚད་གཞི་གང་ལེགས་སྒོས་མཚོན་ཐུབ་པར་མ་ཟད། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་ཕྱི་འབྲེལ་གྲུབ་སྟངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པའང་གསལ་བཤད་བྱས་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀའི་ལོ་ངོ་སྟོང་གི་འབྲེལ་འདྲིས་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་སོ་སྲུང་རོགས་རེས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་གཙོ་རྒྱུན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཐུན་མོང་དུ་ཡོད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། ལོ་ཞེ་བརྒྱད་ཀྱི་སྔོན་ལ། ཁྱེད་ཀྱི་ཕ་དང་ཀྲུང་གོའི་མགོ་ཁྲིད་རྒན་རབས་པ་ཚོས་གནས་བབ་གསལ་རྟོགས་དང་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། མཉམ་དུ་ཀྲུང་གོ་དང་ཧྥི་ལི་ཕིན་བར་འབྲེལ་བ་བཙུགས་པའི་ལོ་རྒྱུས་རང་བཞིན་ཐག་གཅོད་བྱས། དེའི་རྗེས་ཀྱི་དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ། རྒྱལ་སྤྱིའི་གནས་བབ་དང་ཧྥི་ལི་ཕིན་རྒྱལ་ནང་གི་ཆབ་སྲིད་རྣམ་པར་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཁྱེད་དང་ཁྱེད་ཀྱི་ཁྱིམ་རྒྱུད་ཀྱིས་ཐོག་མའི་དམ་བཅའ་མ་བརྗེད་པའི་ངོས་ནས། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་བཏང་བར་བརྟེན། བསམ་སྦྱོར་དེ་ནི་བརྩེ་སེམས་རྩ་ཆེན་ཞིག་ཡིན། ད་ཐེངས་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་གནང་བ་འདི་ནི“སྔར་སོང་རྗེས་དྲན་གྱི་ཡུལ་སྐོར”ཙམ་མ་ཡིན་པར། “གསར་གཏོད་ཀྱི་ཡུལ་སྐོར”ཞིག་ཡིན་པར་རེ་ལྟོས་བྱེད་ཀྱིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་འདི་ཉིད་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ནས། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ངས་ཁྱེད་དང་མཉམ་དུ་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ། ཕན་ཚུན་རོགས་རེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་ཕན་ཚུན་ཤེས་རྟོགས་ཐུབ་པའི་གཉེན་ཉེ་བཟང་པོ། མཉམ་ལས་གཉིས་ཕན་གྱི་ཟླ་གྲོགས་བཟང་པོ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་གང་མང་ཐོབ་པར་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་ཆེད་དྲང་ནུས་སྔར་ལས་གང་མང་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀ་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། ང་ཚོའི་འཕེལ་རྒྱས་ཀྱི་རྩ་བ་ནི་ཁྱིམ་མཚེས་མཛའ་མཐུན་གྱི་མཐའ་འཁོར་ཁོར་ཡུག་ཁྲོད་གནས་ཡོད་ཅིང་། མཉམ་ལས་གཉིས་ཕན་གྱི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེན་མོའི་ཁྲོད་དུ་གནས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་བར་གྱི་མཉམ་ལས་དང་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། ས་ཁོངས་མཉམ་ལས་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོ་གནས་གཙོ་བོར་སྲུང་སྐྱོབ་ཡག་པོ་བྱས་ནས། “ཁྱིམ་གཞིས་ཆེན་པོ་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་དེ་འཇམ་འཐབ་ཀྱི་ལྐོག་ཇུས་ལས་ཐར་རྒྱུརསྐུལ་འདེད་གཏོང་བ། དཔུང་ཁག་གི་ཁ་གཏད་དུ་མི་ལངས་པ་བཅས་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་དང་དར་རྒྱས་ཀྱི་མཐོ་ས་ཞིག་ཏུ་འགྱུར་འདོད་ཡོད་ཅེས་གསུངས།

མཱ་ཁི་ཟི་ཡིས་བསྟན་དོན། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྦས་ཤུགས་སྔོག་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ནང་དོན་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞིང་ལས་དང་རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས། མི་ཆོས་རིག་གནས། ཉོ་ཚོང་། དངུལ་གཏོང་། ཚན་རྩལ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། དེ་རིང་ང་ཚོས་མཉམ་དུ་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་དེས། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་ཐུབ་རྒྱུའི་ཡིད་ཆེས་ཡོད།  ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན་པས། ཧྥི་ལི་ཕིན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་དང་འཕེལ་རྒྱས་ལ་བཀག་འགོག་བྱེད་ཐུབ་མཁན་གཅིག་ཀྱང་མེད། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། མུ་མཐུད་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད། མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། ཀྲུང་གོའི་བར་སྣུམ་རླངས་གསར་སྤེལ་གྲོས་མོལ་བསྐྱར་དུ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་རིམས་ནད་འགོག་བཅོས་ཐད་རོགས་རམ་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།

གྲོས་མོལ་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་དང་ཞིང་ལས་ཉ་ལས། རྨང་གཞིའི་སྒྲིག་ཆས། དངུལ་རྩ། སྒོ་ཁྲལ། གློག་རྡུལ་ཚོང་དོན། ཡུལ་སྐོར་སོགས་ཀྱི་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། མཱ་ཁི་ཟི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།