ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དམངས་ཚིས་ཚོང་རྫས་གལ་ཆེན་དང་ནུས་ཁུངས་ཀྱི་མཁོ་སྤྲོད་ལ་འགན་ལེན་བྱེད་པ་དང་། རིན་གོང་བརྟན་པོ་ཡོང་བར་བྱེད་པ་སོགས་ཀྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་ནས། མང་ཚོགས་ཀྱི་འཚོ་བ་དང་ཁེ་ལས་ཀྱི་ཐོན་སྐྱེད་དགོས་མཁོར་འགན་ལེན་བྱས་ཏེ། དམངས་ཚིས་ལས་དོན་གལ་ཆེན་ལ་དམ་འཛིན་ཞིབ་ཚགས་བྱས་ནས། མང་ཚོགས་ཀྱིས་ལུགས་རྙིང་ལོ་སར་ཡག་པོ་ཞིག་རོལ་ཐུབ་པར་འགན་ལེན་བྱེན་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། དངོས་གོང་བརྟན་པོ་རྒྱུན་འཁྱོངས་བྱས་པ་དང་། འབྲུ་རིགས་དང་ནུས་ཁུངས་བརྟན་པོའི་ངང་མཁོ་སྤྲོད་བྱེད་ནུས་ཆེ་རུ་ཕྱིན་ནས། དཔལ་འབྱོར་དང་དམངས་ཚིས་འགན་ལེན་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱེད་པ་དང་། དམངས་ཚིས་ཚོང་རྫས་གལ་ཆེན་སོགས་ཀྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་ཤུགས་བསྣན་ནས། ལུགས་རྙིང་ལོ་སར་གྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་། གཅིག་ནས“བཟའ་འབྲུར”ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དང་། “ཤ་ཚལ་སྒོང་གསུམ”ལ་གྲོང་ཁྱེར་གྱི་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། དུས་ཐོག་ཏུ་ཚོང་རར་བཀོད་སྒྲིག་ལེགས་པོ་བྱེད་པ། དམངས་ཚིས་ཚོང་རྫས་གལ་ཆེན་གཞན་དག་གི་མཁོ་འཚོང་འབྲེལ་མཐུད་ལ་དམ་འཛིན་བཅས་བྱེད་དགོས། གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་དང་རིམས་འགོག་དངོས་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ནས། ཁེ་ལས་གཙོ་བོས་ལས་འགན་ཡོངས་རྫོགས་འགྲུབ་ཐུབ་པར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་རྒྱུར་སྔར་ལས་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནས་འགྲིམ་འགྲུལ་དངོས་སྐྱེལ་གྱི་འཕར་རྩ་ཆེན་མོ་དང་འཁོར་སྐྱོད་ཆུང་ངུ་ཤར་གཏོང་ཐུབ་རྒྱུར་མུ་མཐུད་འགན་ལེན་བྱས་ནས། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཀྱིས་ལུགས་མཐུན་ངང་སྐྱེལ་འདྲེན་བྱེད་ཤུགས་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མྱུར་སྐྱེལ་སོགས་ཀྱི་མི་སྣར་སེམས་ཁུར་བྱས་ནས། ལུགས་རྙིང་ལོ་སར་སྐབས་ཀྱི་སྦྲག་སྲིད་མྱུར་སྐྱེལ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས།  ལྔ་ནས་ཚོང་ར་དང་རིན་གོང་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེབ་གསོག་དཀོན་འཚོང་དང་རིན་གོང་ཧམ་སྤོར་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ལུགས་རྙིང་ལོ་སར་ལ་སླེབས་ཉེ་བས། དམངས་འཚོའི་ལས་དོན་གལ་ཆེན་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་དགོས། གཅིག་ནས་ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ལྟར་སྤྲོད་རྒྱུར་འགན་སྲུང་ཏན་ཏིག་བྱེད་དགོས། གཉིས་ནས་མ་མཐའི་འཚོ་བའི་འགན་སྲུང་དང་རོགས་སྐྱོབ། ལས་ཤོར་ཁ་གསབ་སོགས་ཀྱི་མ་དངུལ་དུས་ཐོག་དང་ཁ་ཚང་བའི་ངང་སྟེར་རྒྱུ་དང་། རིམས་ནད་ཡོད་པའི་མང་ཚོགས་དང་གནོན་འཚེ་ཐེབས་པའི་མང་ཚོགས། དཀའ་ཁག་ཡོད་པའི་མང་ཚོགས་བཅས་ལ་གནས་སྐབས་རོགས་སྐྱོབ་བྱས་ནས། གཞི་རྩའི་དམངས་ཚིས་ཚད་མཐའ་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་སླ་བཅོས་སྤུ་ཙམ་ཡང་མེད་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འགལ་རྐྱེན་ཅི་རིགས་ལ་རྩིས་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་དགོས་ལ། མི་སྣ་འདུ་འཛོམས་མང་སར་ལས་རེས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། བདེ་འཇགས་ལས་འཛོལ་ཚབས་ཆེན་མི་བྱུང་བར་དོགས་ཟོན་མཐོར་འདེགས་བྱེད་དགོས། ཐལ་དྲགས་པའི་གནམ་གཤིས་སོགས་ཀྱི་མཁོ་བསྟུན་གྲ་སྒྲིག་འཆར་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་དང་ནུས་ཁུངས། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།