ཟླ་དང་པོའི་ཚེས་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁི་ཟི་ལ་ཐུག་འཕྲད་བྱས།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་སུ་བཏང་སྟེ། ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། མཛའ་མཐུན་རྒྱུན་འཛིན་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ལེགས་ཆ་གསབ་རེས་དང་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད་དེ་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ནས། དུས་སྐབས་གསར་པའི་ནང་དུ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འདས་ཟིན་པའི་ལོ་བཅུའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥི་ལི་ཕིན་གྲོས་ཚོགས་བར་གྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱག་འདོད་ཡོད།
མཱ་ཁི་ཟི་ཡིས་བསྟན་དོན། ཧྥི་ལི་ཕིན་དང་ཀྲུང་གོའི་བར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས། ཀྲུང་གོའི་ཡུལ་སྐོར་བ་ཧྥི་ལི་ཕིན་དུ་ཡུལ་སྐོར་དུ་ཡོང་རྒྱུར་དགའ་བསུ་ཞུས་པ་ཡིན་ལ། ཀྲུང་གོའི་ཁེ་ལས་ཧྥི་ལི་ཕིན་དུ་མ་དངུལ་གཏོང་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན།
ཚའེ་ཏཱ་ཧྥིན་ཐུག་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།