ཟླ་དང་པོའི་ཚེས་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་སྐུལ་འདེད་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་ཞིང་སྡེ་ས་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་རིས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བར་སྔར་ལས་བཀོད་སྒྲིག་བཟང་བོ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། རོང་འབྲོག་ཁུལ་ནི་འགོག་སྡོམ་གྱི་ས་ཁུལ་གཙོ་བོ་དང་གནད་འགག་ཁུལ་ཁོངས། ཆེས་ཉམས་ཞན་ས་ཁུལ་ཡིན་པས། རིམས་ནད་འགོག་སྡོམ་གྱི་ལས་འགན་དང་འགན་འཁྲི་ཧ་ཅང་ལྕི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཁག་ཁུར་བཟང་བོ་བྱེད་པ། གནད་འགག་དུས་རིམ་དམ་འཛིན་བྱེད་པ། འགོག་ཁབ་དང་རིམས་འགོག་མ་ལག་འཁོར་སྐྱོད། སྨན་བཅོས་དངོས་ཟོག་མཁོ་འདོན། མི་ཚོགས་གཙོ་བོར་གྲལ་བཤེར་དང་སྲུང་སྐྱོབ་བྱེད་པ། ནད་པ་ལྕི་མོ་སྐྱོབ་བཅོས་བྱེད་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་བྱེད་པ་སོགས་ཕྱོགས་ཀྱི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་འགན་འཁྲི་ཇེ་དམ་དུ་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་རིམས་ནད་འབྱུང་ཚད་མང་བའི་དུས་སྐབས་ལ་ཁ་གཏད་ལེགས་པོ་འཇལ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་ནད་ལྕི་མོ་སྔོན་འགོག་བྱེད་པར་དམིགས་པ་དང་། ནད་ལྕི་མོ་བྱུང་ཚད་དང་ཚེ་ལས་འདས་ཚད་ཇེ་ཉུང་དུ་གཏོང་བ་གཙོར་བཟུང་ནས་རིམ་པ་ལྔ་ཡི་ཧྲུའུ་ཅིས་རིམས་འགོག་བྱ་བ་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྫོང་དང་ས་ཁུལ་གྱི་རིམ་པ་དང་པོའི་གཙོ་གཞིའི་འགན་འཁྲི་འབུར་དུ་ཐོན་པར་བྱེད་པ། རོང་འབྲོག་ཁུལ་གྱི་མི་ཚོགས་གཙོ་བོར་མཐིལ་རྟོགས་གསལ་བོ་བྱེད་པ། སྨན་བཅོས་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ནད་པ་ལྕི་མོའི་སྐྱོབ་བཅོས་བྱ་བ་བཟང་བོ་བསྒྲུབ་པ། རིམས་ནད་འགོག་སྡོམ་དང་དུས་ཆེན་གཉིས་སྐབས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་རིན་གོང་གཏན་འཇགས་ཡོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་འཇགས་དམ་འཛིན་བྱེད་པ། རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་དང་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།