ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2023.01.05 ཁུངས། མི་ཕམ་མགོན་པོ། ཀློག་གྲངས། 20

ཟླ་དང་པོའི་ཚེས་བཞི་ཉིན། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པའི་རྗེས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་མིག་སྔའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ནི་རིམས་ནད་འགོག་སྡོམ་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཀྱི་ཐོག་མའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། མི་དམངས་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་རེ་སྒུག་བྱེད་བཞིན་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ད་ལོའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བའི་གནས་ཚུལ་གསར་བ་དང་རྣམ་པ་གསར་བར་ངོས་ཟིན་ཡོད་པར་བྱས་ནས་ལོ་སར་སྐྱེལ་འདྲེན་གྱི་འགན་སྲུང་བྱ་བ་ཁག་མཉམ་དུ་བཟང་བོར་བསྒྲུབ་དགོས།

ཁོང་ཡུང་གིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་མ་མཐའི་བསམ་ཕྱོགས། ཚད་མཐའི་བསམ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་དང་རིམས་ནད་འགོག་སྡོམ་བྱ་བར་ལེགས་པར་བསྒྲུབ་དགོས། ལོ་སར་སྐྱེལ་འདྲེན་སྐབས་ཀྱི་དབྱེ་ཞིབ་དང་ཞིབ་འཇུག་ཇེ་དྲག་ཏུ་གཏོང་དགོས་ལ། དམངས་ཚིས་ཚོང་རྫས་དང་ནུས་ཁུངས་སོགས་དངོས་ཟོག་དགོས་མཁོའི་དབྱེ་ཞིབ་དང་ཞིབ་འཇུག བཀོད་གཏོང་གསོག་འཇོག་ལེགས་པར་བསྒྲུབ་དགོས། མང་ཚོགས་ཀྱི་འགྲོ་འདུག་ལ་སྟབས་བདེ་བསྐྲུན་ནས་རིམས་ནད་འགོག་སྡོམ་སྲིད་ཇུས་ལེགས་སྒྱུར་བཅོས་སྒྲིག་གི་བླང་བྱ་དོན་འཁྱོལ་བྱེད་དགོས། འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་བྱས་ནས་ལས་གཉེར་མི་སྣའི་བདེ་ཐང་བཤེར་འཇལ་ལེགས་པར་བསྒྲུབ་ནས་འགོག་སྲུང་དངོས་ཟོག་གི་གསོག་འཇོག་ལ་ཤུགས་སྣོན་དགོས། བདེ་འཇགས་ལྟ་སྐུལ་དོ་དམ་དང་འཕྲལ་བསྟུན་ཐག་གཅོད་ཇེ་དྲག་ཏུ་བཏང་ནས་ཉེན་ཁ་འགོག་སྡོམ་དང་ཉེན་ཁ་གྲལ་བཤེར་གྱི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། ནང་ཁུལ་གྱི་དོ་དམ་དང་ལས་བཟོ་བའི་མི་སྒེར་གྱི་འགོག་སྲུང་ལ་ཤུགས་བསྣན་ནས་ལས་གཉེར་མི་སྣར་རིམས་ནད་བྱུང་ཚད་ཆེས་ཆུང་བའི་སྒོ་ནས་ཇེ་ཉུང་དུ་གཏོང་དགོས། དངོས་ཟོག་གཙོ་བོ་དང་དམངས་ཚིས་དངོས་ཟོག་གི་སྐྱེལ་འདྲེན་ལ་འགན་སྲུང་བྱས་ནས་ཚོང་རའི་རིན་གོང་བརྟན་འཇགས་དང་ཐོན་སྐྱེད་འཚོ་བ་གོ་རིམ་ལྡན་ཞིང་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། རྩ་འཛུགས་འགན་སྲུང་ལ་ཤུགས་བསྣན་ནས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ནས་ལོ་སར་སྐྱེལ་འདྲེན་སྐབས་ཀྱི་རིམས་ནད་འགོག་སྡོམ་དང་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་བྱ་བ་དོན་འཁྱོལ་ཡོང་བར་འགན་སྲུང་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།