ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་རྟོག་ཞིབ་བྱེད་པར་སོང་ནས། སྡེ་མི་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཕྱིར་དྲན་བྱས། ཁོས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། གོམ་སྟབས་རེ་རེ་བཞིན་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མིག་སྔར་གྱི་རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱས་ནས། གྲོང་གསེབ་ཀྱི་འཕེལ་རྒྱས་སྔར་ལས་ཇེ་བཟང་དུ་གཏོང་བ་དང་། སྡེ་མི་ཚོའི་འཚོ་བ་སྔར་ལས་ཇེ་བཟང་དུ་དགོས།
པན་ཡན་སྡེ་བ་རུ། ཁྲིན་ཀང་སྡེ་བའི་ལོ་རྒྱུས་ཁང་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་འདྲ་པར་དང་བརྙན་པར་ལ་བལྟས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་ཀྲུའུ་ཡི་མང་ཚོགས་ལ་གནང་བའི་དྲོད་ཁོལ་ལྡན་པའི་སྐད་ཆ་དང་ཐུགས་ཁུར་ལ་མྱོང་ཚོར་བྱས་ལ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱས་རྗེས་པན་ཡན་སྡེ་བས་དྲིན་གཟོ་འབད་འཐབ་བྱས་པའི་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོར་རྒྱུས་ལོན་གསལ་བོ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་གནང་བའི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་ཅན་གྱི་བྱ་དགའི་རྟགས་མའི་མདུན་དུ། ཁོས་བཤད་རྒྱུར། དེ་ནི་ཁྱེད་ཚོའི་བདེ་སྐྱིད་ཡིན་ལ། ང་ཚོར་མཚོན་ན་ཡང་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་པས། མུ་མཐུད་དུ་པན་ཡན་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་པར་འབད་འཐབ་བྱེད་དགོས། གཙག་དྲུབ་ར་བ་དང་ནས་ཆང་བཟོ་གྲྭ་རུ། ཁྲིན་ཀང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་བྱེད་པ། མི་རིགས་རིག་གནས་རྒྱུན་འཛིན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་གུས་ཞེན་དེ་དྲིན་གཟོ་འབད་འཐབ་ཀྱི་ལག་ལེན་དུ་བསྒྱུར་རྒྱུའི་སྐུལ་སློང་བཏང་། སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ། ཁྲིན་ཀང་གིས་ལས་བྱེད་མང་ཚོགས་དང་མཉམ་དུ། གླེང་མོལ་བྱས་པ་དང་འགྱུར་ལྡོག་གླེང་ལ། འཕེལ་རྒྱས་ཐད་ནས་གྲོས་མོལ་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་པན་ཡན་སྡེ་བར་ཐུགས་ཁུར་བྱེད་ཀྱིན་ཡོད་པ་དང་། ང་ཚོས་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅེས་སྤྲས་བྱེད་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་པ། དྲིན་གཟོ་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས།
ཁྲིན་ཀང་གིས་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་རྒྱུས་ལོན་བྱེད་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོ་བསྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་དང་དམ་སྦྲེལ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཕྱོགས་ལྔར་དམིགས་པ་དང་། ལྷག་པར་དུ་ཐོན་ལས་དར་སྤེལ་ཐད་ཀྱི་བྱ་བ་བཟང་བོར་སྒྲུབ་པ། གྲོང་གསེབ་དར་སྤེལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་དེ། སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས། ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་ཡོན་གདོང་ལེན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་བ། ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་མི་སྡོད་ལས་བབ་ཀྱི་ཞི་འཇགས་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་དགོས།
རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་ཝུའུ་ཧྲི་གྲོང་རྡལ་འཕྲོད་བསྟེན་ཁང་དང་པེ་ཀྲུང་སྡེ་བའི་འཕྲོད་བསྟེན་ཁང་དུ་སོང་ནས། སྨན་རྫས་ཉར་གསོག་དང་ནད་པ་དང་ལེན་སྨན་བཅོས་བྱེད་པ། འགོག་སྨན་རྒྱག་པ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་སྨན་རྫས་ཉར་གསོག་འདང་བ་དང་ལོ་ལོན་ལ་འགོག་སྨན་རྒྱག་ཚད་ཅུང་མཐོ་བ། རྒན་པ་དང་དབང་བོ་སྐྱོན་ཅན།བྱིས་པ། སྦྲུམ་མ་དང་རྨང་གཞིའི་ནད་རིགས་ཡོད་པའི་གཙོ་གནད་མི་ཚོགས་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་དང་། ནད་ལྕི་མོ་བྱུང་བའི་ནད་པས་དུས་ཐོག་ཏུ་སྨན་བཅོས་དང་ལེན་བྱེད་ཐུབ་པ། སྡེ་བས་དང་བླངས་དཔུང་སྡེ་རྩ་འཛུགས་བྱས་ནས་ཁྱིམ་ཚང་ལ་སོང་ནས་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བའི་ཐད་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣ་ཇེ་མང་དུ་སོང་བས། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པའི་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁ་རིགས་ནད་དུག་འགོས་པར་ཁ་རིམ་པའི་དོ་དམ་བྱེད་པའི་རེ་བ་ལྟར། སྨན་རྫས་དང་རིམས་འགོག་དངོས་ཟོག འཚོ་བའི་དངོས་ཟོག་གི་མཁོ་འདོན་ལ་འགན་སྲུང་གང་ལེགས་བྱེད་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་རིམས་ནད་འགོག་སྡོམ་ཐད་ཀྱི་དགོས་མཁོ་སྣ་ཚོགས་ཐག་གཅོད་པ། སྟོབས་ཤུགས་ཡོད་རྒུས་བདེ་ཐང་ལ་འགན་སྲུང་བྱེད་པ་དང་ནད་ལྕི་མོ་འགོག་བཅོས་བྱེད་པའི་འགོག་ར་བརྟན་པོ་བཙུགས་ཏེ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས།
ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལི་ཧྭན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།