ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལིར་ཁ་པར་བཏང་།
2023.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དང་པོའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཀི་རུ། དུས་བཅད་ལྟར་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པཱ་ཚི་ལ་ཁ་པར་བཏང་།

རྒྱལ་ཁབ་གཉིས་ཀའི་ཙུང་ལིས་ཐོག་མར་ཕན་ཚུན་ལ་ལོ་གསར་གྱི་འཚམས་འདྲི་ཞུས། ལིས་ཁི་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀའི་མཛའ་འབྲེལ་གྱིས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ཐུབ་པར་གྱུར་ནས། སྔར་སྲོལ་བཞིན་འབྲེལ་བ་བརྟན་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ནས། སྔར་སྲོལ་བཞིན་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ། ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ནང་གི་མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བར་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་པར་མ་ཟད། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གཙོ་གནད་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་ལས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་རེ་ལྟོས་བྱེད་ཀྱིན་ཡོད།

ཞ་པཱ་ཚི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་ཆུ་ལོག་གི་གནོད་འཚེར་རོགས་རམ་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་རྗེས་བསྟན་དོན། ཕ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཡོད་ཚད་ཀྱི་ངོས་ནས་ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།