ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར•པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་གྲོས་མོལ་གནང་།
2023.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་གྲོས་མོལ་གནང་།  རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་།

ཟླ་དང་པོའི་ཚེས་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་གྲོས་མོལ་གནང་།  རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས་འདི་ནི་ཁྱེད་ཀྱིས་ཙུང་ཐུང་གི་འགན་འཁུར་རྗེས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་ཐོག་མ་ཡིན་ལ། དེ་རིང་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་དྲན་གསོའི་ཉིན་མོའང་ཡིན། ང་ཚོས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྱང་ཐུའུ་ཁུའུ་མན་སི་ཐན་བསྐྱར་དར་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀའི་འདུ་ཤེས་གཅིག་མཐུན་ཡིན་པ་དང་དམིགས་འབེན་གཅིག་མཚུངས་ཡིན་པ། ཁེ་ཕན་འབྲེལ་ནས་ཡོད་པ་བཅས་ཀྱི་དབང་གིས། འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཕན་ཚུན་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དོན་ནི་ཕན་ཚུན་བརྩི་འཇོག་དང་ཟོལ་མེད་ཡིད་ཆེས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་དུ། གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་བྱེད་པ། མི་རབས་ནས་མི་རབས་བར་བརྒྱུད་པའི་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་བའི་ཆེད་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་བརྩི་འཇོག་བྱེད་དགོས། རྒྱལ་ཁབ་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཉམ་ལས་བྱེད་རྒྱ་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། ཕྱོགས་གཉིས་ཀས་ཁྲིམས་འཛིན་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་བདེ་འཇགས་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་བརྗེ་རེས་ལ་ཤུགས་སྣོན་པ་དང་། མི་ཆོས་རིག་གནས་ཀྱི་ཐད་ནས་མཉམ་ལས་བྱེད་པ། མི་དམངས་ཀྱི་བརྩེ་སེམས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་བསམ་པའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ངོས་ནས། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ལ་ལྟ་ཚུལ་གཅིག་མཚུངས་ཡོད་པའི་དབང་གིས། ཀྲུང་གོ་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཐུའུ་ཁུའུ་མན་སི་ཐན་གྱིས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི”མཉམ་ལས་ལམ་སྲོལ་ལ་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི”རྩེ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་བྱས་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐུའུ་ཁུའུ་མན་སི་ཐན་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་བཀོད་ནས་ཁྱབ་སྒྲོག་བྱས་པར་མ་ཟད། མཉམ་དུ“རྒྱུད་གཅིག་ལམ་གཅིག”དང་ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། འཕྲོད་བསྟེན། རིག་གནས། ལུས་རྩལ། གསར་འགྱུར་སྨྱན་བྱད། རང་བྱུང་སོལ་རླངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།