ཟླ་དང་པོའི་ཚེས་དྲུག་ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ཚན་ཆུང་སོ་སོའི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཏུའུ་ཅེ་ཡིས་གྲ་སྒྲིག་བྱ་བའི་སྔོན་དུས་ཀྱི་འཕེལ་རིམ་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། བྱ་བའི་ཚན་ཆུང་སོ་སོས་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བྱ་བའི་བླང་བྱ་ལྟར། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ། བྱ་སྤྱོད་སྟེང་མྱུར་ཚད་ཡོད་པ་དང་སྐུལ་འདེད་བྱེད་པར་ནུས་ཚད་ཡོད་པར་བྱས་ཏེ། ཚད་མཐོའི་འགན་ཁུར་གྱི་བྱ་བའི་རྣམ་འགྱུར་དང་ལས་བཀུར་སྙིང་སྟོབས་མངོན་པར་བྱས་ཡོད་ལ། གྲོས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་སོ་སོ་བརྟན་པོར་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱས་ཡོད།
ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་དུས་སྐབས་གལ་ཆེན་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལས་དོན་ཁག་སོ་སོ་དམ་འཛིན་བྱེད་དགོས། གྲོས་དོན་བྱ་བ་དོན་དངོས་ཀྱིས་དམ་འཛིན་བྱེད་དགོས་ཏེ། གྲོས་ཚོགས་སྔོན་དང་གྲོས་ཚོགས་སྐབས། གྲོས་ཚོགས་རྗེས་བཅས་དུས་རིམ་གསུམ་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་རྣམ་དག་གིས་འཆར་འགོད་དང་སེམས་ཞིབ་མོས་གྲ་སྒྲིག་བྱེད་པ། རྩ་འཛུགས་ཚགས་དམ་དང་ཞབས་ཞུ་གང་ལེགས་སྒྲུབ་དགོས། རྒྱུ་ཆའི་ལས་དོན་དོན་དངོས་སུ་དམ་འཛིན་བྱེད་དགོས་ཏེ། ཞིབ་བཤེར་ནན་མོ་དང་བརྡར་གཅོད་ཞིབ་མོ། བཟོ་བཅོས་གང་ལེགས་བྱེད་པ་དང་། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། སྐབས་བརྗེ་འདེམ་བསྐོའི་བྱ་བ་དོན་དངོས་སུ་དམ་འཛིན་བྱས་ཏེ། མགོ་ཁྲིད་ཚན་ཆུང་ལེགས་པོ་ཞིག་གདམ་ནས་སྲོལ་བཟང་སྤྱོད་གཙང་གི་རྣམ་པ་གསར་འབྱེད་བྱེད་དགོས། སྤྱི་གཉེར་དང་འགན་སྲུང་བྱ་བ་དམ་འཛིན་གང་ལེགས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་པ་དང་། ཞབས་ཞུའི་ལས་དོན་ཞིབ་ཅིང་ཏན་ཏིག་གི་སྒོ་ནས་སྒྲུབ་དགོས། མཐུན་སྦྱོར་མཉམ་ལས་བྱ་བར་ཤུགས་སྣོན་གང་ལེགས་བྱས་ཏེ། རང་འགན་རང་ཁུར་བྱེད་པ་མ་ཟད་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། གྲོས་ཚོགས་ཀྱི་སྒྲིག་ཁྲིམས་དམ་སྲུང་བྱས་ཏེ། ཚོགས་རའི་སྒྲིག་ལམ་དམ་པ་དང་། ལྟ་སྐུལ་ཞིབ་བཤེར་ཤུགས་དྲག་པའི་རྣམ་པ་བཟང་པོ་ཞིག་མངོན་པར་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།