ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དང་པོའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད་རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སར་ཇ་སྟོན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་ལོ་སར་ཤིས་ཚིག་ནི་ཡིད་ཆེས་ཀྱིས་ཁེངས་ཤིང་རེ་བ་དང་སྤོབས་པ་ཆེར་སྐྱེད་ཀྱི་ཁྱབ་སྒྲོག སེམས་བཟང་དོན་ཟབ་ཀྱི་མངག་བཅོལ། ཞུམ་མེད་མདུན་སྐྱོད་ཀྱི་སྐུལ་ལྕག་བཅས་ཡིན་པ་དང་། ང་ཚོར་དུས་རབས་གསར་བར་འབད་འཐབ་བྱེད་པ་དང་སྐྱོད་ལམ་གསར་བར་མདུན་དུ་སྐྱོད་པའི་བསམ་བློའི་སྒུལ་ཤུགས་ཆེན་པོ་བསྩལ། སྔར་ལས་བློ་རྩ་བརྟན་ཞིང་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་དམ་པོར་སྦྲེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པར་མ་ཟད་སེམས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་དེ་ལས་མི་དམངས་ཀྱི་གཙོ་གཞིའི་གོ་གནས་མཚོན་པར་བྱས་པ་དང་། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཐད་ལ་དུས་རབས་ཀྱི་ནང་དོན་གསར་བ་བསྣན་པར་མ་ཟད་ང་ཚོས་གནས་བབ་གསར་བའི་འོག་ཏུ་རྒྱལ་གཅེས་འཕྲོད་བསྟེན་བྱ་བ་བཟང་བོར་སྒྲུབ་པ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་སྤེལ་བ་དེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན། གཞི་རིམ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པ་བཅས་དང་ཟུང་སྦྲེལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ལ་མི་ཚང་མ་ཞུགས་པ་དང་བདེ་ཐང་འཚོ་བ་མི་ཚང་མས་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཐོ་ཚད་ནས། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཞིང་གསུམ་བྱ་བའི་དམིགས་འབེན་དང་ལས་འགན། འཐབ་ཇུས་གནད་ས་དང་གཙོ་རྒོལ་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེ་ནི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཡིན། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཚད་ཤིང་བཟང་བོ་ཆགས་པར་མ་ཟད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། གྲོང་གསེབ་དར་སྤེལ་བྱེད་པའི་ཐད་ནས་ནང་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་དགོས། བདེ་སྡོད་ལས་སྤེལ་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བཟང་བོ་བྱེད་པར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་བཅོས་སྐྱོང་ལའང་བརྟེན་དགོས་ལ། གྲོང་གསེབ་དར་སྤེལ་བྱེད་པའི་ནུས་ལྡན་ཅན་དང་སྣེ་ཁྲིད་མཁན། གཞི་རིམ་གྱི་རིགས་སོ་སོའི་རྩ་འཛུགས་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཞིང་ཆེན་ཡོངས་སུ་བསམ་བཀོད་གཅིག་ལྟར་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བ་བཟང་བོ་སྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས།

གྲོས་ཚོགས་ནས་བལྟས་ན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་སྟེ། ཏང་འཛུགས་ཀྱིས་བྱ་བར་སྤྱི་འདོམས་བྱེད་པ་དང་འགན་འཁྲི་ལག་བསྟར་བྱས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཁག་ཁུར་ནུས་ལྡན་སྒོས་འཕེལ་རྒྱས་སུ་བཏང་ལ། ཏན་ཏིག་དངོས་སྒྲུབ་སྒོས་གྲུབ་འབྲས་བསྐྲུན་ནས། བྱ་བ་སྣ་ཚོགས་ཐད་ནས་འཕེལ་རིམ་གསར་བ་དང་གྲུབ་འབྲས་བཟང་བོ་བླངས། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་པས། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པའི་ཐད་ནས་སྔར་ལས་མཐོ་བའི་ལངས་གནས་མཚོན་པར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་སྲུང་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཐད་ནས་སྔར་ལས་བཟང་བའི་བྱེད་ཐབས་སྤྱད་དེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་མགོ་བཟང་བོ་ཞིག་ཚུགས་པ་སྲུང་འཛིན་བྱེད་དགོས། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་སྔར་ལས་མཐོ་བའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞིར་བརྟེན་ནས་སྤྱོད་གཙང་སྒྲིག་གཅུན་ཇེ་དྲག་ཏུ་གཏོང་དགོས་པར་སྙམ།

གྲོས་ཚོགས་ནས་ཟླ་དང་པོའི་ཚེས་བཅུ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ཐག་བཅད།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།