ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་གྱི་ཚད་འགྲུལ་པ་མི་ཐེངས་ཐེར་འབུམ་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་ལ་སླེབས་ངེས།
2023.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དང་པོའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་པ་སྐྱེལ་བའི་ཚད་དང་སྐྱེལ་འདྲེན་འགན་ལེན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས། ད་ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་དེ་ཟླ་དང་པོའི་ཚེས་བདུན་ཉིན་ནས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བར་ཁྱོན་བསྡོམས་ཉིན་བཞི་བཅུའི་རིང་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གསར་པ་དོན་འཁྱོལ་བྱས་པའི་དུས་མཚུངས་སུ། ས་ཁོངས་བརྒལ་ནས་མི་སྣ་ཕར་འགྲོ་ཚུར་འོང་བྱེད་ཚད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་རྒྱུ་ཡིན་ལ། སྔོན་དཔག་རགས་ཙམ་བྱས་པ་ལྟར་ན། ལུགས་རྙིང་ལོ་སར་སྐབས་ཀྱི་མི་སྐྱེལ་འདྲེན་བྱེད་ཡུན་ཉིན་བཞི་བཅུའི་རིང་ལ། ཧ་ལམ་སྐྱེལ་ཚད་མི་ཐེངས་ཐེར་འབུམ་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་ལ་སླེབས་ངེས་པ་དང་།གྲངས་འབོར་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་ལྔ་འཕར་ཡོད་ཅིང་། ཉིས་སྟོང་བཅུ་དགུ་ལོའི་དུས་མཉམ་གྱི་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་གསུམ་བར་སླར་གསོ་ཐུབ་རྒྱུ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་རྩ་འཛུགས་ཀྱིས་ཐེག་ཚད་དམའ་བ་ནས་ཐེག་ཚད་ཆེ་བའི་བར་འགྱུར་ལྡོག་གཏོང་རྒྱུ་དང་། མྱུར་བགྲོད་གཞུང་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཉིན་རེའི་ཆ་སྙོམས་བཞུར་ཚད་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་གཉིས་ལྷག་ལ་སླེབས་ངེས་ཡིན་ཞིང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་འཕར་རྒྱུ་རེད། རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་ལ་མཚོན་ན་འགྲུལ་པ་ཆེས་མང་བའི་དུས་སུ། མེ་འཁོར་ཆ་སྟོང་དྲུག་དང་དོན་བདུན་བཏང་ཆོག་པ་དང་། འགྲུལ་པ་སྡོད་སའི་ནུས་པ་ཆེ་ཤོས་དེ་ཉིས་སྟོང་བཅུ་དགུ་ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ལས་བརྒྱ་ཆའི་བཅུ་གཅིག་གིས་ཇེ་མང་དུ་ཕྱིན་ཡོད་པའི་དབང་གིས། ལུགས་རྙིང་ལོ་སར་སྐབས་ཀྱི་མིའི་སྐྱེལ་འདྲེན་དགོས་མཁོ་ཆ་ཡོངས་ནས་སྐོང་ཐུབ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།