ཟླ་དང་པོའི་ཚེས་དྲུག་ཉིན། གསར་འགོད་པས་ཞིང་ཆེན་སྲིད་གྲོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་དུ། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་གཏོགས་སྡེ་ཁག་སོ་སོ། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས། བསྡོམས་པས་གྲོས་གཞི་སྟོང་གཉིས་དང་སུམ་ཅུ་བཏོན་པ་དང་། ཞིབ་བཤེར་བརྒྱུད་དེ་གྲོས་གཞི་སྟོང་གཅིག་དང་བཞི་བརྒྱ་གོ་བཞི་ཆེད་ཐོ་བཀོད་ལ། ཆེད་ཐོ་བཀོད་ཚད་བརྒྱ་ཆའི་དོན་གསུམ་ལྷག་ལ་སླེབས་པ་དང་། གྲོས་གཞི་བསྒྲུབས་ཚད་དང་ཨུ་ཡོན་ཡིད་ཚིམ་ཚད་གཉིས་ཀ་བརྒྱ་ཆའི་བརྒྱ་རུ་སླེབས།
སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་གྲོས་འདོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཕན་འབྲས་བརྩོན་ལེན་བྱེད་པའི་བྱེད་ཕྱོགས་གཞིར་འཛིན་སར་བྱས་ཏེ། གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་ལག་བསྟར་བྱས་པའི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་། ཟབ་ཞུགས་སྡེ་ཁག་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲིའི་འདུ་ཤེས་ཆེན་པོ་དང་མི་དམངས་བསམ་པའི་བརྩེ་སེམས་ལ་བརྟེན་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་དམངས་ཀྱི་བདེ་སྐྱིད་ལེགས་སྒྱུར་བྱེད་པར་དམིགས་ནས། ཏང་དང་སྲིད་གཞུང་གི་དོ་སྣང་དང་མང་ཚོགས་ཀྱི་སེམས་ཁུར་དེ་ཤུགས་འདོན་ས་གཙོ་བོར་བརྩིས་པ་དང། རྟོག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་། གྲོས་གཞི་འདོན་པ་བརྒྱུད་དེ་འགན་སྒྲུབ་ནན་མོ་བྱེད་པར་སྣེ་ཁྲིད་བྱས། བཏོན་པའི་གྲོས་གཞི་ཡིས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་བབ་གསར་བའི་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སློབ་གསོ་སྨན་བཅོས་བཅོས་སྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཕྱོགས་ལ་དམིགས་ནས། གནད་དོན་འཚོལ་རྙེད་ཐད་དོ་སྣང་བྱས་པར་མ་ཟད། གནད་དོན་ཐག་གཅོད་པའི་བྱེད་ཐབས་འདོན་པར་དེ་ལས་ཀྱང་དོ་སྣང་བྱས་པས། གྲོས་གཞིའི་སྤུས་ཚད་ཇེ་མཐོར་སོང་ནས། ཞིང་ཆེན་ཏང་ཨུ་དང་་ཞིང་ཆེན་སྲིད་གཞུང་གི་ཚན་རིག་གི་ཇུས་ཆོད་ཐད་དཔྱད་གཞི་གལ་ཆེན་བཏོན་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་སྲིད་གྲོས་ཀྱིས་བསྡོམས་པས་གྲོས་གཞི་གཙོ་བོ་བརྒྱ་དང་གཅིག་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་པ་དང་། རྣམ་པ་མི་འདྲ་བའི་གྲོས་གཞི་ལག་བསྟར་བྱེད་པའི་ཐད་ཀྱི་གྲོས་མོལ་བྱ་འགུལ་ཐེངས་བརྒྱ་དང་སུམ་སུ་ལྷག་རྩ་འཛུགས་བྱས་ལ། ཏང་ཨུ་དང་སྲིད་གཞུང་། སྲིད་གྲོས་ཀྱིས་མཉམ་དུ་གྲོས་གཞི་གཙོ་བོ་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲུབ་པ། ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལྟ་སྐུལ་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ལས་བགོས་བྱས་ནས་གྲོས་གཞི་གལ་ཆེན་སྒྲུབ་པར་ལྟ་སྐུལ་བྱེད་པའི་ལྟ་སྒྲུབ་ཀྱི་རྣམ་པ་གྲུབ་པར་བྱས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཉམ་དུ་གྲོས་གཞི་སྒྲུབ་པའི་གནས་ཚུལ་དེ་ཏང་ཨུའི་ཆེད་དོན་ལྟ་ཞིབ་བྱ་བའི་ཁྲོད་བཞག་པ་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་མཐུན་སྦྱོར་བྱས་ནས་གྲོས་གཞི་བསྒྲུབ་རྒྱུ་དེ་ཞིང་ཆེན་སྲིད་གཞུང་གི་བདུན་གཅིག་ཐིག་གི་བྱ་བའི་ལམ་ལུགས་ལྟ་ཞིབ་ལྟ་སྒྲུབ་ཁྱབ་ཁོངས་སུ་བཞག འགན་སྒྲུབ་ལས་ཁུངས་ཀྱིས་རིམ་པ་བགོས་ནས་གྲོས་གཞི་སྒྲུབ་པའི་ལམ་ལུགས་བཙུགས་པ་དང་། མུ་ཐག་ཅན་གྱི་བཀག་སྡོམ་དོ་དམ་རྐྱེན་སྲོལ་བཙུགས་ལ། ཨུ་ཡོན་ལ་ངོ་ཐུག་ཚད་དང་གནད་དོན་གཙོ་བོ་ཐག་གཅོད་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་བ་དང་། གྲོས་གཞི་སྐོར་ཞིག་བྱ་བར་སྐུལ་འདེད་གཏོང་བའི་ཕན་ཡོད་བྱེད་ཐབས་སུ་བསྒྱུར། གྲོས་གཞི་གཙོ་བོ་སྒྲུབ་པའི་ཁྲོད། ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་འདོན་པ་དང་གྲོས་གཞི་སྒྲུབ་པའི་ཐད་ཀྱི་ཕྱོགས་གཉིས་དཔྱད་འཇོག་བྱ་འགུལ་སྤེལ་བ་དང་། གྲོས་གཞི་འགན་སྒྲུབ་ལས་ཁུངས་ལ་འཚམས་འདྲི་བྱས་པ་དང་གྲོས་གཞི་གཙོ་བོར་གསལ་ཁྲའི་རང་བཞིན་གྱི་དོ་དམ་འཚོལ་ཞིབ་བྱས་ཏེ། ལྟ་སྒྲུབ་བྱ་བ་དེ་གྲོས་གཞི་མ་སྒྲུབ་སྔོན་དང་བསྒྲུབས་རྗེས་ཀྱི་དུས་སྐབས་སུ་རྒྱུན་བསྲིང་བར་སྐུལ་འདེད་བཏང་། གྲོས་གཞི་སྒྲུབ་པའི་ཐད་ཀྱི་ཕྱིར་བལྟ་དང་བསགས་པའི་གྲོས་གཞི་མེད་པར་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། གྲོས་གཞི་ཡང་བསྐྱར་སྒྲུབ་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ལ། གྲོས་གཞི་གཙོ་བོ་ཡོངས་རྫོགས་བཟང་བོར་སྒྲུབ་པའི་དམིགས་འབེན་ཧ་ལམ་མངོན་འགྱུར་བྱས་པ་དང་། མཉམ་འཛིན་མཉམ་སྡོམ་དང་མཉམ་དུ་གྲོས་འདོན་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་གྲུབ་པར་བྱས་པས། གྲོས་གཞི་སྒྲུབ་པའི་གྲོས་མོལ་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་།
རིན་ཆེན་མཚོས་བསྒྱུར།