ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། སྲིད་ཁྲིམས་བྱ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་དང་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་གཏོང་བ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲིད་ཁྲིམས་བྱ་བ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གང་ལེགས་གཏོང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བཅས་བྱེད་པའི་འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུས་སྲིད་ཁྲིམས་བྱ་བར་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། སྲིད་ཁྲིམས་བྱ་བ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་སླེབས་ལ་ཡོད་པའི་སྐབས་དང་བསྟུན་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུས་ཏེ། བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྐུ་སྲུང་པ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་ཚོགས་འདུ་ཟླ་དང་པོའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ཏེ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ནས། ཏང་གིས་སྲིད་ཁྲིམས་ལས་དོན་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྲིད་ཁྲིམས་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་དགོས།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་སྤྱི་སྡོམ་གཏམ་བཤད། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཀྲང་ཅུན་ཚོགས་འདུར་ཞུགས། ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུ་ཡི་རྣམ་པ་སྤྱད་དེ་བསྡུས།
བན་དེ་སྐྱབས་ཀྱིས་བསྒྱུར།