རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་རིམས་ནད་འགོག་སྡོམ་གྱི་པར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞི་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་།
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་ཟླ་དང་པོའི་ཚེས་དགུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གདན་ཞུ་བྱས་ཏེ། པར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞིའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པས་མཚམས་སྦྱོར་བྱས་དོན། མིག་སྔར། སྨན་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་རིམས་ནད་གསར་པ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་ཡིན་པས། སྨན་བཅོས་འགག་སྒོ་དང་ནད་པ་ལྕི་གྲས་སྐྱོབ་བཅོས་བྱ་རྒྱུ་ནི་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན། སྨན་བཅོས་ཐོན་ཁུངས་རིམ་སྤོར་དང་རྒྱ་བསྐྱེད་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་ཆས་སྒྲིག་བཀོད་དང་སྨན་རྫས་བཀོད་སྒྲིག་ལ་འགན་ལེན་ཡག་པོ་བྱེད་པ། གཙོ་གནད་མི་ཚོགས་ཀྱི་མ་མཐའི་ཁ་གྲངས་དང་གནས་ཚུལ་ཤེས་རྟོགས་བྱེད་པ། བདེ་ཐང་ལྟ་ཞིབ་ཚད་ལེན་དང་སྔ་དུས་ཀྱི་ཐེ་གཏོགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་ཐབས་གཞན་པ་བཀོལ་བའི་ལམ་བུ་ཤར་གཏོང་ཐུབ་པར་བྱས་ཏེ། ནད་གཞི་ཚབས་ཆེན་ཕོག་མཁན་གྱིས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱེད་པ་དང་སྨན་བཅོས་ཐུབ་རྒྱུར་འགན་ལེན་བྱེད་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་བཅོས་འཕྲལ་སྡོམ་སི་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། པར་གཞི་བཅུ་པའི་ནད་བརྟག་སྨན་བཅོས་ཇུས་གཞི་དེ་སྨན་བཅོས་བྱེད་ཐབས་ཀྱི་ངོས་ནས་བཤད་ན། ནད་དཔེ་ལ་གཅིག་བསྡུས་ཀྱིས་ལོགས་བཀར་བྱས་ནས་གསོ་བཅོས་མི་བྱེད་པར། ནད་པ་སྨན་ཁང་ནས་ཕྱིར་འབུད་པའི་སྐབས་ཀྱི་ཉིང་སྐྱུར་བརྟག་འབྲས་ལ་བྱེ་བྲག་གི་རེ་བ་བཏོན་མེད་ཅིང་། དེ་ནི་ནད་ཐོག་སྨན་པས་ནད་པའི་ནད་གཞིར་སྨན་བཅོས་བྱེད་པའི་རེ་བ་ལྟར་དུ །ནད་པར་པྲོག་གསར་ནད་དུག་འགོས་པ་དང་ཁྱད་པར་དུ་ནད་པའི་རྨང་གཞིའི་ནད་ཀྱི་གནས་ཚུལ་དང་ནད་ཐོག་གི་ནད་རྟགས་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་བྱས་ཏེ་བརྡར་ཤ་བཅད་རྗེས། གཞི་ནས་སྨན་ཁང་ནས་ཕྱིར་འབུད་མིན་ཐག་གཅོད་བྱ་དགོས། པར་གཞི་གསར་པའི་ནད་བརྟག་སྨན་བཅོས་ཇུས་གཞིས་ནད་ཐོག་སྨན་བཅོས་དང་སྨན་བཅོས་བྱ་ཐབས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་ཇེ་ལེགས་སུ་བཏང་ཡོད།

དེ་དང་ཆབས་ཅིག་པར་གཞི་བཅུ་པའི་སྨན་བཅོས་ཇུས་གཞིའི་ཁྲོད་དུ་སྤྱིར་བཏང་གི་རྣམ་པ་མེད་པར་བཟོས་པ་དང་། ནད་པའི་ནད་གཞིའི་ཚབས་ཆེ་ཆུང་ལྟར་དུ་ནད་གཞི་ཡང་མོ་དང་ལྕི་མོ། ཉེན་ཁ་ཆེ་བ་བཅས་སུ་དབྱེ་ཡོད་པས། ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་མི་སྣས་ནད་པའི་ནད་གཞིར་ཕྱོགས་བསྡུས་བརྡར་གཅོད་དང་སྨན་བཅོས་བྱེད་ཐབས་སྤྱོད་རྒྱུར་ཕན་པ་སྔར་ལས་ཆེ་བ་ཡོད།

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་སྨན་བཅོས་སྲིད་གཉེར་ཟི་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་པྲོག་གསར་ནད་དུག་འགོས་པའི་ནད་པ་མང་ཆེ་བར་མངོན་པའི་ནད་རྟགས་ཏེ། དབུགས་ལམ་དུ་ནད་འགོས་ཡོད་པ་དང་ནད་པ་ཁག་གཅིག་གི་གློ་བའི་ནང་དུ་ནད་འགོས་ཡོད་པ། དེ་བཞིན་སླར་གསོ་བྱེད་སྐབས་ནད་པ་ཁག་གཅིག་ལ་གློ་ལུ་རྒྱག་པའི་གནས་ཚུལ་མངོན་གསལ་དོད་པོ་ཡོད་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡིས་པར་གཞི་བཅུ་པའི་སྨན་བཅོས་ཇུས་གཞི་ཡིན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་བྱེད་ཐབས་ཁ་ཤས་ལ་ལེགས་སྒྲིག་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།